06
Mon, Apr

༢༠༢༠་ལོའི་ཟླ་༣་ཚེས་༤་ཉིན། ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པའི་རྒྱལ་ཁབ་ཁག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༣་ཚེས་༤་ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཏུན་ནས་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་མི་དགུ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད་པ་དང་། ད་སྔར་མི་༡༢༥་ལ་རིམས་ནད་དེ་ཕོགས་འདུག རྒྱལ་སྤྱིའི་ཐོག་ད་སྔར་ཏོག་དབྱིབས་རིམས་ནད་ཕོགས་མཁན་༩༢༠༠་བྱུང་ཡོད་པ་དང་། མི་གྲངས་༣༢༠༠་འདས་གྲོངས་ཕྱིན་ཞིང་། རྒྱ་ནག་ནང་དུ་མི་༤༩༨༥༦་དྲག་བསྐྱེད་བྱུང་ཡོད་པར་བརྗོད་འདུག

དེ་ཡང་། དེ་རིང་རྒྱལ་སྤྱིའི་གསར་ཁང་སི་ཨན་ཨན་ནས་ཏོག་དབྱིབས་རིམས་ནད་ཀྱི་གནས་ཚུལ་སྤེལ་བར་ལྟར་ན། ཨ་རི་རྒྱལ་ས་ཝ་ཤིན་ཊོན་ནས་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་མི་དགུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། མངའ་སྡེ་༡༣་ནང་དུ་རིམས་ནད་ཁྱབ་གདལ་ཕྱིན་འདུག རིམས་ནད་ཕོགས་མཁན་༡༢༥་ཡོད་པའི་ནང་དུ། ཉི་ཧོང་གི་ཕ་ལམ་སྲིང་མོ་གྲུ་གཟིངས་ནས་ཕྱིར་འཁོར་བྱས་པའི་མི་གྲངས་༤༥་དང་། རྒྱ་ནག་ཝུ་ཧུན་ནས་ཕྱིར་འཁོར་བྱས་པའི་མི་གསུམ་འདུག

ད་སྔ་ཏོག་དབྱིབས་རིམས་ནད་འདི་འཛམ་གླིང་གི་རྒྱལ་ཁབ་༧༠་ནང་དུ་ཁྱབ་གདལ་ཕྱིན་ཡོད་ཅིང་། རྒྱ་ནག་ཕུད་པའི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་མང་ཤོས་ཕྱིན་པའི་རྒྱལ་ཁབ་ནི་ལྷོ་ཁོ་རི་ཡ་ཡིན་པ་དང་། ད་སྔ་དེར་རིམས་ནད་ཕོགས་མཁན་༥༣༢༨་བྱུང་ཡོད་པ་དང་། ཁ་སང་ནས་རིམས་ནད་ཕོགས་ཀྱི་ནད་པ་མི་གྲངས་༥༡༦་འཕར་འདུག དེའི་ཁྲོད་ནས་མི་༣༢་འདས་གྲོངས་སུ་ཕྱིན་འདུག

ད་སྔ་ཨི་རན་ནང་དུ་མི་གྲངས་༣༢༠༠་ལ་རིམས་ནད་དེ་ཕོགས་ཡོད་པ་དང་། དེའི་ནང་ནས་གྲོས་ཚོགས་འཐུས་མི་བརྒྱ་ཆའི་བརྒྱད་ལ་རིམས་ནད་དེ་ཕོགས་ཡོད་འདུག མི་༧༧་འདས་གྲོངས་སུ་ཕྱིན་འདུག

ཉི་ཧོང་དུ་དེ་རིང་ཏོག་དབྱིབས་རིམས་ནད་ཕོགས་མཁན་གསར་པ་༡༧་བྱུང་ཡོད་པ་དང་། ད་སྔ་རྒྱལ་ཁབ་དེར་རིམས་ནད་ཕོགས་མཁན་༩༩༡་ཡོད་པ་དང་། ད་སྔ་མི་༡༢་འདས་གྲོངས་སུ་ཕྱིན་འདུག ཉི་ཧོང་རིམས་ནད་དེ་ཁྱབ་གདལ་འགྲོ་དགོས་དོན་ནི་ཕ་ལམ་སྲིང་པོའི་གྲུ་གཟིངས་(Damond Princess cruise ship)་དང་འབྲེལ་བ་ཤུགས་ཆེན་ཡོད་འདུག ཁྱོན་རིམས་ནད་ཕོགས་མཁན་༩༩༡་ནས་༧༠༦་གྲུ་གཟིངས་དེ་ནས་ཕོགས་ཡོད་པ་དང་། གཞན་༢༨༤་རྒྱལ་ཁབ་རང་ནང་ཕོགས་ཡོད་འདུག

དེ་རིང་། རྒྱ་གར་རྒྱལ་ས་ལྡི་ལར་ཨི་ཊར་ལི་ནས་ཡོང་བའི་མི་གྲངས་༡༥་ལ་ཏོག་དབྱིབས་རིམས་ནད་ཕོགས་ཡོད་པར་ར་སྤྲོད་བྱུང་འདུག དེའི་ནང་ནས་མི་གཅིག་རྒྱ་གར་བ་ཡིན་འདུག ཨི་ཊར་ལི་ནི་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་དུ་ཏོག་དབྱིབས་རིམ་ནད་ཁྱབ་གདལ་ཤུགས་ཆེ་ཤོས་ཕྱིན་པའི་རྒྱལ་ཁབ་ཞིག་ཡིན་པ་དང་། ད་སྔ་རིམས་ནད་དེ་མི་གྲངས་༢༥༠༠་ལྷག་བྱུང་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༧༩་འདས་གྲོངས་སུ་ཕྱིན་འདུག རྒྱལ་སྤྱིའི་ཐོག་ཏོག་དབྱིབས་རིམས་ནད་དེ་ཁྱབ་གདལ་ཤུགས་ཆེན་འགྲོ་བཞིན་ཡོད་པའི་རྐྱེན་གྱིས། དེ་རིང་རྒྱ་གར་གྱི་སྲིད་འཛིན་གྱིས་རྒྱ་གར་གྱི་ཧོ་ལི་(Holi Milan)་དུས་ཆེན་ཀྱི་ལས་རིམ་ནང་དུ་ཞུགས་མིན་པའི་གསལ་བསྒྲགས་བྱས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།