18
Tue, Feb

དབྱིན་ཇིའི་རྒྱལ་དར་དང་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་དར། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༢་ཚེས་༣་ཉིན་སྤེལ། ཉེ་ཆར་དབྱིན་ཡུལ་ཡུ་ཪོབ་མཐུན་ཚོགས་ནས་གཞུང་འབྲེལ་གྱི་ཐོག་ནས་དངོས་སུ་ཕྱིར་ཐོན་བྱས་ཡོད་པ་དང་། དེ་ནི་དབྱིན་ཡུལ་གྱི་བདག་དབང་སྲུང་ཆེད་དང་། དཔལ་འབྱོར་ལ་གྱོང་གུད་མི་རེག་པའི་ཆེད་དུ་ཡིན་པར་འགྲེལ་བརྗོད་བྱས་འདུག

དེ་ཡང་། རྒྱལ་སྤྱིའི་བརྒྱུད་ལམ་སེ་ཨན་ཨན་སོགས་ཀྱི་སྤེལ་བའི་གནས་ཚུལ་ལྟར་ན། དབྱིན་ཡུལ་ནི་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་བྱས་ནས་མི་ལོ་༤༧་ཕྱིན་ཡོད་པ་དང་། ལོ་འདིའི་ཟླ་༡་ཚེས་༣༡་ཉིན། ཡུ་རོབ་མཐུན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ནང་ནས་དངོས་སུ་ཕྱིར་འཐེན་བྱས་འདུག ཕྱིར་འཐེན་གྱི་གནད་དོན་དེ་ནི་༢༠༡༦་ལོ་བྱུང་ཡོད་པ་དང་། ༢༠༡༦་ལོའི་ཟླ་༦་པའི་ནང་དུ་དབྱིན་ཇིའི་ནང་མང་མོས་འོས་བསྡུ་བྱས་ཡོད་ཅིང་། དེའི་ཁྲོད་འོས་ཤོག་བརྒྱ་ཆ་༥༢་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་རྒྱུ་ཡིན་པའི་ཐོག་འོས་བླུགས་ཡོད་པ་དང་། བརྒྱ་ཆ་༤༨་ཡུ་རོབ་མཐུན་ཚོགས་ཀྱི་ནང་དུ་མུ་མཐུད་འདུག་རྒྱུའི་འོས་འཕེན་ཡོད་འདུག

དབྱིན་ཡུལ་མི་ལོ་བཞི་ལྷག་གི་རིང་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་ཐུབ་མེད་པའི་རྒྱུ་མཚན་ནི། དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་ལྕམ་ཐཱར་རེ་སཱ་མཱེ་མཆོག་གིས་གྲོས་ཚོགས་ཀྱི་ནང་དུ་ཐེངས་གསུམ་ལ་དབྱིན་ཇི་ཕྱིར་འཐེན་གྱི་ཐོག་འོས་འཕེན་བཅུག་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་མཉམ་དུ་གྲོས་མོལ་བྱེད་ཐབས་རིམ་པ་གནང་ཡོད་འདུག འོན་ཀྱང་། དབྱིན་ཡུལ་གྱི་མི་མང་དང་གྲོས་ཚོགས་འཐུས་མི་མང་ཤོས་ཀྱིས་ཡུ་རོབ་མཐུན་ཚོགས་ནས་ཐོན་རྒྱུའི་འདོད་མོས་དང་འོས་བླུགས་ཕྱིར། སྲིད་བློན་མཱེ་བྱེད་ཐབས་གང་ཡང་མ་བྱུང་བ་སྲིད་བློན་ནས་དགོངས་པ་ཞུས་ཡོད་འདུག དེ་ནས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་མཁན་བྷོ་རཱི་སཱ་སྲིད་བློན་ལ་བདམས། དེ་ནས་ཁོང་གིས་རིམ་བཞིན་ཡུ་རོབ་མཐུན་ཚོགས་ནས་ཐོན་ཐབས་བྱས་ཡོད་པ་དང་། འདི་ལོའི་ཟླ་༡་ཚེས་༣༡་ཉིན་དངོས་སུ་ཕྱིར་ཐོན་བྱས་འདུག

དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་པའི་རྒྱུ་མཚན་ཁག་ཅིག་ཡོད་པ་མཁས་པ་ཁ་ཤས་ཀྱིས་འགྲེལ་བརྗོད་བྱེད་དོན་ལྟར་ན།

དང་པོ། ཡུ་རོབ་མཐུན་ཚོགས་ཀྱིས་དབྱིན་ཇིའི་བདག་དབང་ལ་ཉེན་ཁ་བཟོ་བ།

ཡུ་རོབ་མཐུན་ཚོགས་ཀྱི་ནང་དུ་སྲིད་དབང་སྒེར་སྤྱོད་བྱེད་མཁན་རྒྱལ་ཁབ་མང་དུ་འགྲོ་བཞིན་ཡོད་པ་དང་། དེའི་ནང་ཡོད་པའི་རྒྱལ་ཁབ་ཁག་ཅིག་གིས་རང་ཉིད་ཀྱི་ཁེ་ཕན་དོན་དུ་མཐུན་ཚོགས་ལ་སྲིད་བྱུས་བཟོས་པ་དང་། མཐུན་ཚོགས་དེའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་འོས་བླུགས་ནས་འདེམ་གྱི་ཡོད་ཀྱང་། འདེམ་ཐོན་བྱུང་བའི་འཐུས་མིའི་ལས་དོན་ཐོག་ལ་བརྟག་དཔྱད་ཀྱི་སྲིད་བྱུས་མེད་པའི་རྐྱེན་གྱིས་ལས་དོན་འཐུས་ཤོས་འགྲོ་བའི་སྐོར་བརྗོད་འདུག

གཉིས་པ། ཡུ་རོབ་ནང་དུ་གནས་སྤོ་མཁན་གྲངས་འབོར་མང་པོ་སླེབས་བཅུག་ཡོད་པ།

ཡུ་རོབ་མཐུན་ཚོགས་ཀྱི་སྲིད་བྱུས་འོག ཚོགས་མི་རྒྱལ་ཁབ་ཀྱི་མི་རྣམས་རྒྱལ་ཁབ་གཞན་གྱི་ནང་དུ། ལས་ཀ་འཚོལ་དུ་འགྲོ་ཆོག་པའི་རྐྱེན་གྱིས། དབྱིན་ཡུལ་ནང་དུ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་མང་པོ་ཞིག་ཡུལ་དེར་ལས་ཀ་ཆེད་དུ་སླེབས་ནས་ཡུལ་མི་ཚོའི་ལས་ཀར་ཤུགས་རྐྱེན་སྤྲད་འདུག དེ་བཞིན། ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་མི་རྣམས་ཁྲིམས་འགལ་ཐོག་ནས་མང་པོ་ཞིག་གནས་སྤོ་བྱས་ནས་ཡོང་གི་ཡོད་པ་བཅས་ཀྱིས་དབྱིན་ཇིར་སེམས་འཚབ་སྐྱེས་དགོས་པ་ཆགས་ཡོད་འདུག

གསུམ་པ། ཡུ་རོབ་མཐུན་ཚོགས་ཀྱིས་༢༠༠༨་ལོའི་དཔལ་འབྱོར་དཀའ་ངལ་གདོང་ལེན་བྱེད་ཐུབ་མེད་པ།

༢༠༠༨་ལོའི་འཛམ་གླིང་ལ་དཔལ་འབྱོར་དཀའ་ངལ་ཤུགས་ཆེན་འཕྲད་ཡོད་པ་དང་། དེ་ནས་བཟུང་། ཡུ་རོབ་མཐུན་ཚོགས་ཀྱིས་དཔལ་འབྱོར་ཡར་རྒྱས་གཏོང་ཐུབ་མེད་པ་དང་། ཚོགས་མི་རྒྱལ་ཁབ་ཁག་ཅིག་གི་ནང་ལས་མེད་ཀྱི་དཀའ་ངལ་འཕྲད་ཡོད་འདུག དེར་བརྟེན། དབྱིན་ཇི་ཡིས་རྒྱལ་ཁབ་གཞན་ལྟར་མི་ཆགས་པའི་ཆེད་ཡུ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་བྱས་ཡིན་བཅས། གནད་དོན་གཙོ་བོ་གསུམ་གྱི་ཐོག་ནས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་བྱས་ཡིན་པར་རྒྱལ་སྤྱིའི་གནས་ཚུལ་དཔྱད་ཞིབ་པ་ཚོས་འགྲེལ་བརྗོད་བྱས་འདུག

འདི་ལོའི་ཟླ་༡་ཚེས་༣༡་ཉིན། དབྱིན་ཡུལ་དངོས་སུ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་བྱེད་སྐབས། ཕྱིར་ཐོན་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་དབྱིན་ཇི་རང་དབང་ཐོབ་སོང་ཅེས་བརྗོད་ནས་དགའ་སྟོན་བྱས་ཡོད་འདུག དབྱིན་ཇི་ཁག་ཅིག་དང་ཕྱི་རྒྱལ་ཁབ་ཁག་ཅིག་གི་དབུ་ཁྲིད་ཚོས་ཉིན་མོ་དེ་ནི་སེམས་སྐྱོ་དགོས་པ་དང་། མ་འོངས་དབྱིན་ཡུལ་ནང་དུ་མི་རིགས་དབྱེ་འབྱེད་དང་ལས་ཀ་སོགས་ལ་དཀའ་ངལ་འཕྲད་རྒྱུར་སེམས་ཁྲལ་བྱེད་བཞིན་ཡོད་འདུག

སྤྱིར། དབྱིན་ཡུལ་གཞུང་འབྲེལ་གྱི་ཐོག་ནས་དངོས་སུ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་བྱས་ཚར་ཡིན་རུང་། ༢༠༢༠་ལོའི་ཟླ་༡་ཚེས་༣༡་ནས་ཟླ་༡༢་ཚེས་༣༡་བར། དབྱིན་ཇི་ཡིས་ཡུ་རོབ་མཐུན་ཚོགས་ཀྱི་སྲིད་བྱུས་རྩིས་སྲུང་བྱེད་དགོས་ཡོད་པ་དང་། ཚོང་འབྲེལ་སོགས་ཀྱི་ལས་དོན་སྔར་བཞིན་ཡིན་འདུག ཕྱིར་ཐོན་ཆ་ཚང་མ་བྱས་གོང་། ཚོང་འབྲེལ་དང་། བདེ་སྲུང་། སྨན། གློག་སོགས་ཀྱི་གནད་དོན་ཐོག་མུ་མཐུད་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ༢༠༢༠་ལོའི་ཟླ་༡༢་ཚེས་༣༡་ནས་དབྱིན་ཇི་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མིའི་འབྲེལ་བ་དངོས་སུ་མཇུག་སྒྲིལ་གྱི་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།