18
Tue, Feb

རྒྱ་ནག་ཝུ་ཧན་གྱི་འགྲིམ་འགྲུལ་པར་ན་ཚ་དེ་ཡོད་མེད་བརྟག་དཔྱད་བྱེད་བཞིན་པ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༡་ཚེས་༢༣ཉིན། རྒྱ་ནག་དུ་ནད་ཡམས་ཤིག་བྱུང་ནས་ད་ལྟར་མི་གྲངས་༡༧་གྱི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་བརྒྱ་ཕྲག་འགའ་ལ་ནད་རྟགས་དེ་ཐོན་ཡོད་འདུག དེར་བརྟེན། འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་གནམ་ཐང་ལ་ཁག་ལ་ན་ཚ་དེ་ཡོད་མེད་བརྟག་དཔྱད་བྱེད་པ་འགོ་བརྩམས་ཡོད་འདུག ཝུ་ཧན་གྲོང་འཁྱེར་གྱིས་ལོ་གསར་གཏོང་རྒྱུ་མིན་པ་དང་འགྲིམ་འགྲུལ་ཚང་མ་སྒོ་བརྒྱབ་ཡོད་འདུག

དེ་ཡང་། ནད་ཡམས་(coronavirus)་དེ་དང་ཐོག་ཝུ་ཧན་གྲོང་འཁྱེར་ནང་དུ་བྱུང་ཡོད་པ་དང་། དེ་ནས་རིམ་བཞིན་རྒྱ་ནག་གི་གྲོང་འཁྱེར་མང་པོར་ཁྱབ་ཡོད་པ་མ་ཟད། ཕྱི་རྒྱལ་ཁབ་ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་ལ་ཁྱབ་ཡོད་འདུག ནད་ཡུམ་དེ་ནི་ཆམ་ནད་དང་འདྲ་བ། དེའི་ནད་རྟགས་ནི་གློ་རྒྱག་པ་དང་། སྣ་ཆུ་འཛག་པ། ཚ་བ་འཕར་བ། མིད་པ་ཚ་བ་སོགས་ཡོང་གི་ཡོད་འདུག རྒྱ་ནག་གིས་བཏོན་པའི་གནས་ཚུལ་ནང་དུ་ན་ཚ་ཕོགས་ནས་མི་གྲངས་༡༧་གྱི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་བརྒྱ་ཕྲག་ཁ་ཤས་ལ་ན་ཚ་དེ་ཕོགས་ཡོད་པར་གསལ་འདུག འོན་ཀྱང་། ཕྱི་རྒྱལ་ཁབ་ཀྱི་བརྒྱུད་ལམ་ཁག་ནས་ན་ཚ་དེའི་རྐྱེན་གྱིས་མི་༡༧་ལས་མང་གྲོངས་ཡོད་པ་དང་། མི་གྲངས་༤༠༠༠་ལྷག་ལ་ནད་ཡམས་དེ་ཕོགས་ཡོད་པར་གསལ་འདུག ནད་ཡམས་དེ་ཁྱབ་འཕེལ་ཕྱིན་དོན་ནི་ད་ལྟར་རྒྱ་ནག་དུ་ལོ་གསར་དུས་སྟོན་ཆེད་དུ་འགྲིམ་འགྲུལ་བྱེད་མཁན་ཧ་ཅང་མང་པོ་ཡོད་པའི་རྐྱེན་ཡིན་འདུག

ད་ལྟར། རྒྱ་ནག་གི་ཞིང་ཆེན་ཧུ་པེར་ནང་གི་གྲོང་འཁྱེར་ཝུ་ཧན་དུ་ནད་ཡམས་དེ་དབང་གིས་ཛ་དྲག་གནས་སྟངས་ཆགས་ཡོད་པ་དང་། ཝུ་ཧན་གྲོང་འཁྱེར་དུ་གནམ་གྲུ་དང་། གྲུ་གཟིགས། མེ་འཁོར། སྤྱི་སྤྱོད་སྣུམ་འཁོར་སོགས་བཀག་ཡོད་པ་དང་། གྲོང་འཁྱེར་དེས་ལོ་གསར་གཏོང་རྒྱུ་མིན་པ་ཡང་གསལ་བསྒྲགས་སྤེལ་འདུག རྒྱ་ནག་གི་གྲོང་ཁྱེར་༢༤་ལྷག་ལ་ནད་ཡམས་དེ་ཁྱབ་ཡོད་པ་དང་། ཕྱི་རྒྱལ་ཁབ་ཉི་ཧོང་ལ་ནད་ཡམས་དེ་ན་མཁན་གཅིག་དང་ཨ་རིར་གཅིག ལྷོ་ཀོ་རི་ཡར་གཅིག ཐེ་ཝན་ལ་གཅིག ཐེ་ལེན་ལ་བཞི་བཅས་བྱུང་ཡོད་འདུག

ནད་ཡམས་དེ་ཕྱི་རྒྱལ་ཁག་ཏུ་སྔོན་འགོག་ཆེད་དུ། རྒྱལ་ཁབ་ཨ་རི་དང་། ཐེ་ལེན། སི་གྷ་པུ། ཨོ་གླིང་སོགས་ཀྱི་གནམ་ཐང་ཁག་ཏུ་འགྲིམ་འགྲུལ་པ་ཚོར་ན་ཚ་དེ་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་འདུག ཐེ་ཝན་གྱི་སྲིད་འཛིན་གྱི་ནད་ཡམས་དེར་འགོག་ཐབས་སྐོར་ལ་གཏམ་བཤད་སྤེལ་ཡོད་པ་དང་། དེ་བཞིན་ཧོང་ཀོང་དུ་མང་གཙོ་ཚོགས་པའི་འཐུས་མས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་གཞུང་གིས་ནད་ཡམས་འགོག་ཐབས་ཐོག་ལག་ལེན་མྱུར་དུ་བསྟར་དགོས་པའི་དགོས་འདུན་བཏོན་འདུག ཧོང་ཀོང་གིས་ཝུ་ཧན་ལ་མེ་འཁོར་གྱི་འཛིན་ཤོག་བཙོང་རྒྱུ་མཚམས་བཞག་འདུག

ནད་ཡམས་དེ་འབྱུང་ཁུངས་ད་དུང་གསལ་ཁ་མེད་ཀྱང་། སྦྲུལ་རིགས་ཤིག་ལས་བྱུང་བ་ཡིན་པ་བརྒྱུད་ལམ་ཁག་ནས་གསལ་འདུག

རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་གིས་དེ་རིང་ཚོགས་འདུ་ཚོགས་ནས་ཝུ་ཧན་གྱི་ནད་ཡམས་དེ། རྒྱལ་སྤྱིའི་མི་དམངས་ཀྱི་འཕྲོད་བསྟེན་ལ་ཛ་དྲག་གི་གནས་བབ་ཆགས་ཡོད་མེད་ཐོག་ཐག་གཅོད་བྱ་རྒྱུ་ཡིན་འདུག ནད་ཡམས་དེ་འགོག་ཐབས་མ་བྱས་ན་འཛམ་གླིང་གང་སར་ཁྱབ་རྒྱུའི་དོགས་ཟོན་བྱེད་བཞིན་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།