16
Tue, Apr

༢༠༢༠་ལོའི་ཟླ་༡་ཚེས་༡༩་ཉིན། ཧོང་ཀོང་དུ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་བཞིན་ཡོད་འདུག པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡་ཚེས་༡༩་ཉིན། ཧོང་ཀོང་ནང་དུ་སླར་ཡང་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ཉེན་རྟོག་པས་ངོ་རྒོལ་བ་ཚོར་མིག་ཆུ་དུག་རླུང་གཏོར་ནས་ཁ་ཐོར་ཐབས་བྱས་འདུག ངོ་རྒོལ་བ་ཚོས་ཧོང་ཀོང་གི་སྙིང་སྟོབས་ཞུམ་རྒྱུ་མ་རེད། མ་འོངས་པའི་ཧོང་ཀོང་ནི་གཞོན་སྐྱེས་ལ་དབང་ཡོད། ཅེས་བརྗོད་འདུག

དེ་ཡང་། ཁ་སང་གཟའ་ཉིན་མར། ཧོང་ཀོང་དུ་གཞོན་སྐྱེས་གཙོས་པའི་མི་མང་སྟོང་ཕྲག་ཁ་ཤས་ཤིག་གིས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སླར་ཡང་སྤེལ་ཡོད་པ་དང་། ཉེན་རྟོག་པས་ངོ་རྒོལ་ཚོར་མིག་ཆུ་དུག་རླུང་གཏོར་བ་དང་། རྡུང་རྡེག་གཏོང་བ། ངོ་རྒོལ་བ་ཁ་ཤས་འཛིན་བཟུང་བྱས་ཡོད་འདུག ངོ་རྒོལ་ཚོ་དབུས་ཧོང་ཀོང་གི་སྤྱི་ཐང་ཅེས་པ་དེར་འཛོམས་ནས་ངོ་རྒོལ་བྱེད་སྐབས། ཉེན་རྟོག་པས་ཁོ་ཚོར་མིག་ཆུ་དུག་རླུང་གཏོར་ནས་སྲང་ལམ་དང་། ལམ་ཁ། ཁང་པ་སོགས་ཀྱི་ཕྱོགས་སུ་བྲོས་དགོས་བྱུང་ཡོད་འདུག

དང་ཐོག ངོ་རྒོལ་བ་ཚོས་ཉེན་རྟོག་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་ཞུས་ཡོད་པ་རེད། འོན་ཀྱང་། ཉེན་རྟོག་པས་དེའི་སྔོན་གྱི་ངོ་རྒོལ་ལས་འགུལ་ཚོ་དྲག་པོ་གྱུར་ཡོད་པའི་དབང་གིས། ས་ཆ་གཅིག་ལ་བསྡད་ནས་ངོ་རྒོལ་བྱེད་པའི་ཆོག་མཆན་ལས་སྤྲད་མེད་པ་རེད། དེ་ནས་ངོ་རྒོལ་ཚོ་སྲང་ལམ་བརྒྱུད་ནས་ངོ་རྒོལ་བྱས་ཡོད་པ་དང་། ལུས་ལ་གོས་ནག་པོ་དང་། ལག་ཏུ་རས་དར་ནག་པོ་དང་ཉི་གདུགས་འཁྱེར།། ལམ་ཁའི་རྡོ་བླངས་ནས་སྲང་ལམ་གྱི་འགྲིམ་འགྲུལ་གློག་བརྡ་གཏོར་གཤིག་བཏང་ཡོད་འདུག

ངོ་རྒོལ་གཞན་ཚོ་དབུས་ཧོང་ཀོང་གི་སྤྱི་ཐང་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས། དེར་ཡོད་པའི་མི་མང་དང་བྱིས་པ་ཚོས་ཁོ་ཚོའི་འབོད་སྒྲ་ལ་ཡག་པོ་ཉན་ཡོད་འདུག ངོ་རྒོལ་ལས་འགུལ་ཁྲོད་ཀྱི་མི་སྡེ་ཚན་ཞིག་གིས། དེའི་སྔོན་ངོ་རྒོལ་བྱེད་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བཙོན་ཁང་དུ་ཡོད་པའི་མི་རྣམས་ལ་སྤང་ལེབ་ཅིག་གི་ཐོག་ལོ་གསར་ཆེད་དུ་འཕྲིན་ཐུང་བྲིས་ཡོད་པ་དང་། འཕྲིན་ཡིག་ཅིག་གི་ནང་དུ། ཧོང་ཀོང་གི་སྙིང་སྟོབས་ཞུམ་རྒྱུ་མ་རེད། མ་འོངས་པའི་ཧོང་ཀོང་ནི་གཞོན་སྐྱེས་ལ་དབང་ཡོད། ཅེས་བྲིས་ཡོད་འདུག

ཧོང་ཀོང་དུ་ལོ་སྔོན་མའི་ཟླ་༦་པ་ནས་ད་བར་དུ། ངོ་རྒོལ་གྱི་ལས་འགུལ་ཁྲོད་དུ་ཉེན་རྟོག་པས་ངོ་རྒོལ་བ་གྲངས་༧༠༠༠་འཛིན་བཟུང་བྱས་ཡོད་པ་དང་། ཁོ་ཚོར་ད་དུང་ཁྲིམས་ཐག་གང་ཡོད་གཅོད་མེད་པ་རེད། འོན་ཀྱང་། ཁོ་ཚོ་ལ་ཟིང་འཁྲུག་སློང་མཁན་གྱི་ཁྲིམས་ཐག་བཅད་ན་ལོ་ངོ་༡༠་བཙོན་དུ་བསྡད་དགོས་པ་མ་ཟད། དངུལ་གྱི་ཆད་པ་འབོར་ཆེན་རྒྱག་རྒྱུ་ཡིན་འདུག

ངོ་རྒོལ་བ་ཚོས་བཏོན་པའི་དགོས་འདུན་དོན་ཚན་ལྔ་ནི། དང་པོ། ཉེན་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་མེད་པ་བཟོ་དགོས་པ། དེ་ནི་ད་ལྟར་དངོས་སུ་ཕྱིར་འཐེན་བྱས་ཟིན། གཉིས་པ། འཛིན་བཟུང་བྱས་པའི་ངོ་རྒོལ་བ་ཚོ་གློད་དགོས་པ། གསུམ་པ། ངོ་རྒོལ་བ་ཚོ་ཟིང་འཁྲུག་སློང་མཁན་དུ་བརྗོད་རྒྱུར་མཚམས་འཇོག་དགོས་པ། བཞི་པ། ཉེན་རྟོག་པའི་གདུག་རྩུབ་དང་ལྡན་པའི་བྱ་སྤྱོད་ལ་རང་དབང་ལྡན་པའི་ཐོག་ནས་བརྟག་དཔྱད་དགོས་པ། ལྔ་པ། རང་དབང་ཅན་གྱི་འོས་བསྡུ་བྱེད་དགོས་པ་བཅས་ཡིན་འདུག

ངོ་རྒོལ་འདིས་གཞོན་སྐྱེས་ཚོའི་མང་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ལ་བཅངས་པའི་མངོན་འདོད་དང་། ཞུམ་པ་མེད་པའི་སྙིང་སྟོབས་དེ་མཚོན་པ་མ་ཟད། ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཀྱང་ཆགས་ཡོད་པ་རེད། དེར་བརྟེན། ཧོང་ཀོང་གི་ངོ་རྒོལ་བ་ཚོ་ནི་༢༠༢༠་ལོའི་ཞི་བདེ་གཟེངས་རྟགས་འབུལ་དགོས་པའི་དགོས་འདུན་བཏོན་མཁན་ཡང་བྱུང་ཡོད།