06
Mon, Apr

ཐེ་ཝན་སྲིད་འཛིན་ལྕམ་ཚད་དབྱིང་ཝིང་མཆོག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༡་ཚེས་༡༤་ཉིན་སྤེལ། ཐེ་ཝན་སྲིད་འཛིན་ལྕམ་ཚད་དབྱིང་ཝིང་མཆོག་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་ནས། བསྐྱུར་དུ་སྲིད་འཛིན་འདེམ་ཐོན་བྱུང་བར་འཛམ་གླིང་གི་རྒྱལ་ཁབ་དྲུག་ཅུ་ལྷག་གིས་འཚམས་འདྲི་གནང་ཡོད་པ་དང་། རྒྱ་ནག་གིས་རྒྱལ་ཁབ་དེ་ཚོར་ཉེན་བརྡ་བཏང་ཡོད་འདུག

དེ་ཡང་། ལྕམ་ཚད་དབྱིང་ཝིང་མཆོག་བསྐྱུར་དུ་ཐེ་ཝན་སྲིད་འཛིན་འདེམ་ཐོན་བྱུང་བར། རྒྱལ་ཁབ་དྲུག་ཅུ་ཡིས་ཁ་པ་དང་ཡིག་ཐོག་བརྒྱུད་ནས་འཚམས་འདྲི་གནང་ཡོད་པ་དང་། རྒྱལ་ཁབ་དེ་དག་་གི་ཁྲོད་ཨ་རི་དང་དབྱིན་ཇི། ཉི་ཧོང་སོགས་ཡོད་འདུག རྒྱལ་ཁབ་དེ་དག་ལ་རྒྱ་གཞུང་གིས་རྒྱལ་ཁབ་ནང་ཁུལ་གྱི་ནང་དོན་ལ་ཐེ་བྱུས་བྱེད་མི་ཆོག་པ་དང་། ཁོ་ཚོའི་བྱེད་སྟངས་དེ་རྒྱལ་ཁབ་གཅིག་གི་ལམ་ལུགས་དང་འགལ་བ་རེད་ཟེར་ནས་སྐྱོན་བརྗོད་བྱས་འདུག

ཟླ་འདིའི་ཚེས་༡༡་ཉིན། ཐེ་ཝན་ནང་དུ་ཐེངས་༡༥་པའི་སྲིད་འཛིན་འོས་བསྡུ་དང་། ཐེངས་༡༠་པའི་སྤྱི་འཐུས་འོས་བསྡུ་བྱས་ཡོད་འདུག དབུས་འོས་བསྡུ་ལྷན་ཁང་གིས་བཏོན་པའི་འོས་བསྡུའི་གྲུབ་འབྲས་ལ་ལྟར་ན། ཐེངས་འདིའི་འོས་བསྡུ་ནང་དུ་ལྕམ་ཚད་དབྱིང་ཝིང་དང་ཁོ་མོའི་ཆབ་སྲིད་ཚོགས་པར་འོས་གྲངས་ས་ཡ་བརྒྱད་ལྷག་དང་། བརྒྱ་ཆ་༥༧.༡༣་ཐོབ་ཡོད་འདུག

ཐེངས་འདིར། ལྕམ་ཚད་དབྱིངཝིང་མཆོག་བསྐྱུར་དུ་སྲིད་འཛིན་འདེམ་ཐོན་བྱུང་བར་འཛམ་གླིང་ཐོག་གི་མང་གཙོ་དོན་གཉེར་བ་ཚོར་དགའ་ཚོར་ཆེན་པོ་སྐྱེས་ཡོད་པ་དང་། འཚམས་འདྲི་གནང་མཁན་མང་པོ་བྱུང་ཡོད་འདུག སྲིད་འཛིན་ལྕམ་ཚད་དབྱིང་ཝིང་མཆོག་ནི་རྒྱ་ནག་གི་འཇིགས་སྐུལ་དང་ཉེན་བརྡ་ལ་གདོང་ལེན་བྱེད་མཁན་ཞིག་དང་། མང་གཙོའི་རང་དབང་དང་ཐོབ་ཐང་བཅས་ལ་སྲུང་སྐྱོང་བྱེད་མཁན་ཞིག་ཡིན་པར་བརྒྱུད་ལམ་ཁག་ནས་འགྲེལ་བརྗོད་བྱས་འདུག

ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ལྷན་ཁང་གིས་བརྒྱུད་ལམ་ཁག་ལ་བརྗོད་དོན་ལྟར་ན། སྲིད་འཛིན་ལྕམ་ཚད་དབྱིང་ཝིང་མཆོག་ལ་རྒྱལ་ཁབ་༦༠་ལྷག་གིས་ཁ་པར་དང་གློག་འཕྲིན་བརྒྱུད་ནས་འཚམས་འདྲི་གནང་འདུག དེའི་ནང་ནས་ཨ་རིའི་སྲིད་འཛིན་གཞོན་པ་མིར་ཁེ་པོམ་པེ་དང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་མོ་ཏེ་གྷེ་ཏོ་ཤཱི་མཱི་སུ་སོགས་ཡོད་འདུག

ཨ་རིའི་སྲིད་འཛིན་གཞོན་པ་མིར་ཁི་མཆོག་གིས་སྲིད་འཛིན་ལྕམ་ཚད་དབྱིང་ཝིང་མཆོག་ལ་འོས་བསྡུ་ཁྲོད་རྒྱལ་ཁབ་ཐོབ་པར་འཚམས་འདྲི་ཞུས་པ་དང་སྦྲགས། ཐེ་ཝན་གྱི་འོས་འཕེན་མཁན་ཚོར་མང་གཙོའི་ཐོབ་ཐང་དང་རིན་ཐང་དེ་ཚོ་བདེ་སྤྱོད་ལེགས་པོ་བཏང་བར་བསྔགས་བརྗོད་ཞུས་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་སྐུ་ཚབ་གྷེན་ཧྲིང་གིས། ཐེ་ཝན་ནི་རྒྱ་ནག་ནང་ཁུལ་གྱི་ས་ཁུལ་ཞིག་ཡིན་པ་དང་། རྒྱལ་ཁབ་སུས་ཐེ་ཝན་དང་གཞུང་འབྲེལ་འབྲེལ་ལམ་འཛུགས་པར་ངོ་རྒོལ་བྱེད་ཀྱི་ཡོད། ཐེ་ཝན་དང་གཞུང་འབྲེལ་བྱས་པ་ནི་རྒྱ་ནག་རྒྱལ་ཁབ་གཅིག་གི་ལམ་ལུགས་དང་འགལ་ཡོད། དེར་བརྟེན། ཐེ་ཝན་མཉམ་དུ་འབྲེལ་ལམ་བཞག་རྒྱུར་དོགས་ཟོན་བྱེད་དགོས་པ་དང་། ལྷག་པར་དུ། ཐེ་ཝན་གྱི་རང་བཙན་འཐབ་རྩོད་པར་འཚམས་འཕྲིན་བཏང་བ་ནི་ནོར་འཁྲུལ་རེད་ཟེར་ནས་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་བྱས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།