19
Fri, Apr

༢༠༡༩་ལོའི་ཨེ་ཤ་ཡའི་ནང་གི་མིང་དུ་གྲགས་པའི་གཞོན་སྐྱེས་ལྔ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡་ཚེས་༣་ཉིན་སྤེལ། ༢༠༡༩་ལོ་ནི་གཞོན་སྐྱེས་ཀྱིས་ལས་འགུལ་སྤེལ་བའི་ལོ་ཡིན། དེ་ཡང་འཛམ་གླིང་གང་སར་སློབ་ཕྲུག་དང་གཞོན་སྐྱེས་མང་པོ་ཡར་ལངས་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་དང་། ཕོ་མོ་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐོག་ལས་འགུལ་སྤེལ་ཡོད། ཨེ་ཤ་ཡའི་ནང་དུ་གཞོན་སྐྱེས་ཀྱི་ལས་འགུལ་ལ་བརྟེན་ནས་དོན་སྙིང་ལྡན་པའི་འགྱུར་བ་བྱུང་ཡོད། དཔེར་ན། ཐེ་ཝན་ནང་དུ་མཚན་མཐུན་དགའ་རོགས་གཉེན་སྒྲིག་ཁྲིམས་མཐུན་བཟོས་ཡོད་པ་དང་། ཧོང་ཀོང་གི་ནང་དུ་ཟླ་དྲུག་རིང་ངོ་རྒོལ་བྱས་དང་བྱེད་བཞིན་པ་ལྟ་བུ་ཡིན། གཞོན་སྐྱེས་ཚོའི་མ་འོངས་པའི་ཆེད་དུ་འཐབ་རྩོད་བྱས་དང་བྱེད་བཞིན་ཡོད།

དང་པོ། ཐེ་ཝན་གཞོན་སྐྱེས་ཝེན་ཡུ་ཆིང་གིས་མཚན་མཐུན་གཉེན་སྒྲིག་འདྲ་མཉམ་གྱི་ཐོབ་ཐང་བརྩད།

ད་ལྟར་རང་ལོ་༢༤་ཡིན་པའི་ཝེན་ཡུ་ཆིང་(Weng Yu Ching)གིས་མཚན་མཐུན་དགའ་རོགས་དང་མ་ནིང་བཅས་ཀྱི་ཐོབ་ཐང་གི་སྐོར་ལ་རང་ལོ་བཅུ་ཐོག་ཡིན་སྐབས་ནས་ལས་འགུལ་སྤེལ་འདུག དེ་ཁོ་མོས་ཁྲོམ་གཞུང་དང་། མི་མང་། སྤྱི་ཚོགས་དྲ་རྒྱ། ཁྲིམས་བཟོ་བ་སོགས་ལ་མཚན་མཐུན་དགའ་རོགས་ཀྱི་སྐོར་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་འདུག དེ་ནས་༢༠༡༩་ལོའི་ཟླ་༥་ཚེས་༡༧་ཉིན། ཐེ་ཝན་གྱི་གྲོས་ཚོགས་ཀྱིས་མཚན་མཐུན་དགའ་རོགས་དང་མ་ནིང་བཅས་ལ་གཉེན་སྒྲིག་བྱེད་ཆོག་པའི་ཐོབ་ཐང་སྤྲད་ཡོད་པ་དང་། ཨེ་ཤ་ཡའི་ནང་དུ་མཚན་མཐུན་གཉེན་སྒྲིག་གི་ཐོབ་ཐབ་སྤྲོད་མཁན་རྒྱལ་ཁབ་ཐོག་མ་ཐེ་ཝན་ཡིན། ཐེ་ཝན་དུ་མཚན་མཐུན་དགའ་རོགས་གཉེན་སྒྲིག་ཁྲིམས་མཐུན་ཆགས་སྐབས། ཐེ་ཝན་ནང་དུ་མཚན་མཐུན་དགའ་རོགས་དང་། མ་ནིང་། ལས་འགུལ་བ་བཅས་མི་སྟོང་ཕྲག་འགའ་འཛོམས་ནས་དགའ་སྟོན་བྱས་འདུག

གཉིས་པ། ༢༠༡༩་ལོར་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་ཇོ་སེ་ལན་ཆིབ་གྲོས་ཚོགས་འཐུས་མིར་བདམས། 

ཇོ་སེ་ལན་ཆིབ་(Jocelyn Chau)ནི་ད་ལྟར་ཧོང་ཀོང་གི་གཞོན་སྐྱེས་གྲོས་ཚོགས་འཐུས་མི་ཞིག་ཡིན་པ་དང་། ༢༠༡༤་ལོར་ཧོང་ཀོང་ནང་གི་ཉི་གདུག་ལས་འགུལ་ནང་དུ་ཞུགས་མཁན་གྱི་གྲས་ཡིན་པ་དང་། དེའི་སྐབས་སུ་མོ་རང་སློབ་ཕྲུག་ཅིག་ཡིན། དེ་ནས་སློབ་མཐར་ཕྱིན་རྗེས། ཁོ་མོས་དངུལ་ཁང་ཞིག་གི་ནང་དུ་ལས་ཀ་བྱས། འོན་ཀྱང་། ད་ལོའི་ཧོང་ཀོང་ནང་གི་གཞོན་སྐྱེས་གཙོས་པའི་མི་མང་གིས་གཞུང་ལ་ངོ་རྒོལ་བྱེད་སྐབས། གཞུང་གིས་ངོ་རྒོལ་བ་ཚོར་རྣམ་འགྱུར་སྟོན་སྟངས་དང་ཉེན་རྟོག་པས་དྲག་པོ་བྱེད་སྟངས་སོགས་མཐོང་རྗེས། ཁོ་མོ་གྲོས་ཚོགས་ཀྱི་འཐུས་མི་ལངས་རྒྱུའི་ཐག་བཅད། དམིགས་ཡུལ་ནི་ཧོང་ཀོང་གི་རང་དབང་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་ཞིང་མཐར་མོ་རང་དངོས་སུ་གྲོས་ཚོགས་ཀྱི་འཐུས་མིར་འདེམ་ཐོན་བྱུང་། དེ་ཡང་ཁོ་མོས་ཁྱེད་རང་གིས་སྤྱི་ཚོགས་ལ་སྲུང་སྐྱོབ་བྱེད་ཆེད་ངེས་པར་དུ་མདུན་དུ་ལངས་དགོས། ངའི་རེ་བ་ལ་མ་འོངས་པར་ཧོང་ཀོང་གི་ནང་དུ་མང་གཙོ་ཆ་ཚང་བ་ཞིག་ཡོང་རྒྱུའི་རེ་བ་རྒྱག་གི་ཡོད། ཅེས་བརྗོད་འདུག

གསུམ་པ། རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་པ་རི་ཌི་མ་པན་ཌི།

རང་ལོ་༡༢་ཡིན་པའི་རྒྱ་གར་གྱི་བུ་མོ་ཁོར་ཡུག་སྲུང་སྐྱོབ་པ་རི་ཌི་མ་པན་ཌི་(Ridhima Pandey)ནི། འཛམ་གླིང་སྟེང་གི་ན་གཞོན་༡༦་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཁོར་ཡུག་དང་གནམ་གཤིས་ལ་སྣང་མེད་དང་བྱིས་པའི་ཐོབ་ཐང་ལ་རྡོལ་རོལ་གཏོང་གི་ཡོད་པའི་ཐོག་སྙན་ཞུ་འབུལ་མཁན་ཁྲོད་ཀྱི་གཅིག་ཡིན། པན་ཌི་ནི་རྒྱ་གར་མངའ་སྡེ་ཨོ་ཊར་ཁན་ནས་ཡིན་པ་དང་། ཆུང་དུས་ནས་ཁོར་ཡུག་གི་སྐོར་ལ་སློབ་སྦྱོང་བྱས། ༢༠༡༣་ལོར་མོ་རང་ཡོད་པའི་ས་ཆ་ལ་ཆུ་ལོག་དང་ས་ཉིལ་གྱི་རྐྱེན་པས་མི་སྟོང་ཕྲག་ཁ་ཤས་ཀྱི་ཚེ་སྲོག་ཤོར། དེར་བརྟེན། ཁོ་མོས་རང་བྱུང་གི་གོད་ཆག་འབྱུང་རྐྱེན་ལ་བརྟག་དཔྱད་བྱས་མཐར། རྒྱ་གར་གཞུང་གིས་གནམ་གཤིས་འགྱུར་ལྡོག་གི་ཐད་ལ་ལས་དོན་གང་ཡང་བསྟར་གྱི་མེད་པ་ཤེས། དེར་བརྟེན། མོ་རང་ལོ་དགུ་ཡིན་སྐབས། པ་ལགས་ཀྱི་རོགས་རམ་འོག་མོས་གཞུང་ལ་གནམ་གཤིས་འགྱུར་ལྡོག་གི་ཐད་ལ་ལས་དོན་རྩོམ་དགོས་པའི་སྙན་ཞུ་ཕུལ་མོད། འོན་ཀྱང་། སྙན་ཞུ་དེ་ས་གནས་གཞུང་གིས་རྩིས་མེད་བཏང་། དེ་ནས་ཁོ་མོས་ཆེས་མཐོ་ཁྲིམས་ཞིབ་ཁང་ལ་སྙན་ཞུ་ཕུལ། སྙན་ཞུ་དེ་ད་དུང་ཡང་ཁྲིམས་ཁང་དུ་ཡོད་འདུག

པན་ཌི་སློབ་གྲྭ་འགྲོ་ཞོར་སློབ་གྲྭ་ཁག་དང་ཚོགས་འདུ་སོགས་ཀྱི་སྐབས་སུ། གནམ་གཤིས་འགྱུར་ལྡོག་གི་ཐད་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ། འཛམ་གླིང་གང་སར་གཟའ་པ་སངས་ཉིན་ལ་མ་འོངས་པའི་ཆེད་དུ་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཁོ་མོས་རང་གི་སློབ་གྲྭའི་ནང་དུ་གཟའ་པ་སངས་ལ་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་སྤེལ། ལོ་རྗེས་མར། ཁོ་མོས་གཞོན་སྐྱེས་ཚོར་གནམ་གཤིས་འགྱུར་ལྡོག་གི་སྐོར་གྱི་གོ་རྟོགས་སྤེལ་ཆེད་ཚོགས་པ་ཞིག་འཛུགས་འཆར་འདུག

བཞི་པ། གཞོན་སྐྱེས་ཇི་ཡང་གིས་ལྷོ་ཀོ་རི་ཡའི་ནང་དུ་ང་ཡང་ཞེས་པའི་ལས་འགུལ་བརྩམས།

ལྷོ་ཀོ་རི་ཡའི་ནང་དུ་བུ་མོར་འཁྲིག་སྤྱོད་ཀྱི་བརྙས་བཅོས་དང་ཕོ་མོ་དབྱེ་འབྱེད་ཀྱི་རྣམ་པ་ཤུགས་ཆེན་ཡོད། གཞོན་སྐྱེས་(Jihye Yang )ཇི་ཡང་ནི་ཕོ་མོ་འདྲ་མཉམ་ཐོབ་ཐང་རྩོད་མཁན་ཞིག་ཡིན་འདུག མོས་ལྷོ་ཀོ་རི་ཡའི་ནང་དུ་སྐྱེས་པ་ཚོས་བུད་མེད་ཚོར་ལྐོག་ནས་ཁྱིམ་དང་། ཁྲོམ་གཞུང་། ཐ་ན་གསང་སྤྱོད་བཅས་ནས་བརྙན་ལེན་པའི་བྱ་སྤྱོད་ཀྱི་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ། ༢༠༡༩་ལོའི་ཟླ་༣་པའི་ནང་དུ་ལྐོག་ནས་བླངས་པའི་བུད་མེད་ཀྱི་བརྙན་༡༦༠༠་ཙམ་ཡོད་པ་ཉེན་རྟོག་པས་འགྲེལ་བརྗོད་བྱས དེའི་རྗེས། བུད་མེད་སྟོང་ཕྲག་མང་པོ་ཁྲོམ་གཞུང་ལ་ངའི་མི་ཚེ་ཁྱོད་ཀྱི་ཆགས་སྲེད་མ་རེད། ཅེས་པའི་ཁ་གཡང་བསྒྲགས་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ། དེ་བཞིན་བུ་མོ་ཚོས་སློབ་གྲྭ་ཁག་གི་ནང་དུའང་ལས་འགུལ་སྤེལ།

ཇི་ཡང་ལོ་༡༦་ཡིན་སྐབས། མོ་རང་གི་སློབ་གྲྭའི་ནང་དུ་དགེ་རྒན་གཙོས་པའི་བུ་སློབ་གྲོགས་ཚོས་བུ་མོ་ཚོར་འདྲ་མཉམ་མེད་པའི་བྱ་བ་བྱེད་སྟངས་མཐོང་བ་ན་མོ་རང་ཁོང་ཁྲོ་ལངས། དེ་ནས་འཛམ་གླིང་ཐོག་གི་ང་ཡང་ཞེས་པའི་ལས་འགུལ་དེ་ལྷོ་ཀོ་རི་ཡའི་ནང་དུ་སླེབས་སྐབས། ཇི་ཡང་གིས་ལས་འགུལ་དེ་སློབ་གྲྭའི་ནང་དུ་སྤེལ། མོས་སློབ་གྲྭའི་ནང་དུ་ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་བྱས་ནས་བུད་མེད་ཀྱི་ཐོབ་ཐང་བརྩད། དེ་ནས་ཁོ་མོ་ནི་སློབ་གྲྭའི་ནང་དུ་བུ་མོ་ཚོའི་ཉིན་རེའི་འཛིན་གྲྭའི་ནང་དུ་འཁྲིག་སྤྱོད་ཀྱི་བརྙས་བཅོས་དང་འདྲ་མཉམ་མེད་པའི་སྐོར་བརྗོད་མཁན་ཐོག་མ་དེ་ཆགས། དེའི་རྗེས་སུ། ཇེ་ཡང་གིས་གཞུང་ལ་ཕོ་མོ་འདྲ་མཉམ་གྱི་ཐོག་ལ་ལས་དོན་རྩོམ་པའི་རེ་བ་ཞུས་ཡོད་ཀྱང་། གཞུང་གིས་གང་ཡང་བྱས་མེད་པ་རེད། དེར་བརྟེན། ༢༠༡༩་ལོའི་ཟླ་༢་པའི་ནང་དུ། ཇི་ཡང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ནང་དུ་བྱིས་པའི་ཐོབ་ཐང་དང་དབྱེ་འབྱེད་སོགས་ཀྱི་སྐོར་ནས་གཏམ་བཤད་སྤེལ། དེའི་རྗེས། ལྷོ་ཀོ་རི་ཡའི་ནང་དུ་ཤེས་ཡོན་བློན་ཆེན་གྱི་སློབ་གྲྭའི་ནང་དུ་ཕོ་མོ་འདྲ་མཉམ་དང་བུ་མོར་འཁྲིག་སྤྱོད་ཀྱི་བརྙས་བཅོས་མྱོང་མཁན་ཚོར་ཞུ་གཏུགས་བྱེད་སའི་དྲ་ལམ་ཞིག་བཙུགས་འདུག

ལྔ་པ། འབར་མའི་སྨྲ་བརྗོད་རང་དབང་གི་འཐབ་རྩོད་པ་གཞོན་སྐྱེས་ཕུ་ཡོ་ཨུན།

རང་ལོ་༢༤་ཡིན་པའི་གཞོན་སྐྱེས་ཕུ་ཡོ་ཨུན་(Wai Phyo Aung)ནི། འབར་མ་ནང་དུ་ཉེ་སྔོན་ལོ་ཁ་ཤས་ཀྱི་ནང་དུ་སྨྲ་བརྗོད་རང་དབང་ལ་བཀག་སྡོམ་དང་། འགྲོ་བ་མིའི་ཐོབ་ཐང་ལ་གཞུང་གིས་རྡོག་རོལ་གཏོང་བཞིན་ཡོད་པར་རྒོལ་ལེན་སྤྲོད་མཁན་ཞིག་ཡིན་པ་དང་། ༢༠༡༨་ལོར་འབར་མའི་ནང་དུ་སྨྲ་བརྗོད་རང་དབང་བཀག་འགོག་ཆེས་ཆེ་བའི་སྐབས་སུ། ཨུན་གྱིས་སྨྲ་བརྗོད་རང་དབང་གི་ཆེད་དུ་ཨ་ཐན་ཞེས་པའི་ཚོགས་པ་ཞིག་བཙུགས། དེའི་སྐབས། གསར་འགོད་པ་དང་། མང་གཙོ་དོན་གཉེར་བ། ལས་འགུལ་བ་བཅས་ཉེན་ཁའི་ནང་དུ་ཡོད་པ་མ་ཟད། མི་མང་དཀྱུས་མ་ཡང་ཉེན་ཁའི་ནང་དུ་ཡོད། མི་གྲངས་བརྒྱ་ཕྲག་ཁ་ཤས་ཤིག་འཛིན་བཟུང་བྱས་ཡོད། ཨན་གྱིས་ཆབ་སྲིད་ཀྱི་ལས་འགུལ་ནི་མཐོ་སློབ་ཏུ་ཡོད་སྐབས་སུ་འགོ་བརྩམས་ཡོད་པ་དང་། ལོ་ཁ ཤས་ཀྱི་རྗེས་སུ། ཁོ་དང་རོགས་པ་གཉིས་ཀྱིས་ཨ་ཐན་ཚོགས་པ་དེ་བཙུགས་ནས། འབར་མའི་ནང་དུ་སྨྲ་བརྗོད་རང་དབང་མེད་པའི་སྐོར་དང་མི་འཛིན་བཟུང་བྱས་པའི་སྐོར་སོགས་ཀྱི་གནས་ཚུལ་སྤེལ། ཨ་ཐན་གྱིས་གནས་ཚུལ་སྤེལ་བར་ལྟར་ན། ཉེ་ཆར་འབར་མས་མི་གྲངས་༢༥༧་འཛིན་བཟུང་བྱས་པའི་ནང་ནས་གསར་འགོད་པ་༣༧་འཛིན་བཟུང་བྱས་ཡོད། སྲིད་གཞུང་གིས་དྲ་ལམ་སྒོ་བརྒྱབ། ད་ལྟར་འབར་མའི་སྲིད་གཞུང་གི་འོག་ཏུ་ཨན་གྱིས་རྒྱལ་ཁབ་དེའི་ནང་དུ་མི་རྣམས་ཀྱི་ངོ་རྒོལ་བྱས་པའི་སྐོར་དང་། འཛིན་བཟུང་བྱས་པའི་སྐོར། ཁྲིམས་གཏུགས་བཅས་བྱས་པའི་སྐོར་གྱི་གནས་ཚུལ་སྤེལ་གྱི་ཡོད་འདུག ཨན་གྱིས་གནས་ཚུལ་དེ་ཚོ་རྒྱལ་སྤྱིའི་ཐོིག་སྐྱེལ་ཐུབ་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ནང་དུ་བཏོན་ཐུབ་ཡོད་འདུག ཨན་གྱིས་དེ་བཞིན་སྨྲ་བརྗོད་རང་དབང་གི་དཔེ་དེབ་སོགས་ན་གཞོན་ཚོར་བཀྲམས་ནས། ཁོ་རང་ཚོའི་རང་དབང་རྟོགས་སུ་བཅུག་སྟེ་ཆུང་ས་ནས་འགྱུར་བ་གཏོང་རྒྱུའི་ཐབས་ཤེས་བཏང་ཡོད་འདུག སྲིད་གཞུང་གིས་ཁོ་རང་ག་དུས་ཡིན་རུང་ཁོ་འཛིན་བཟུང་བྱེད་སྲིད་ཀྱང་། ཁོ་ལ་ཞེད་སྣང་མེད་ཟེར། སྲིད་གཞུང་གིས་ང་འཛིན་བཟང་བྱས་རུང་། ངའི་དམིགས་ཡུལ་ནི་རང་དབང་དང་། ཞི་བདེ། མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཡིན། ཁོ་ཚོས་ངའི་དམིགས་ཡུལ་ལ་འགྱུར་བ་གཏོང་མི་ཐུབ་ཅེས་བརྗོད་འདུག