20
Sat, Apr

ཉེ་ཆར་ཨ་སམ་ནང་དུ་མི་སེར་ཁྲིམས་འཆར་གསར་པ་དེར་ངོ་རྒོལ་བྱེད་སྐབས། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༢་ཚེས་༡༧་ཉིན་སྤེལ། རྒྱ་གར་གྱི་མི་སེར་ཁྲིམས་འཆར་གསར་པ(citizenship bill)་ནི་རྒྱ་གར་ནང་དུ་གྲངས་ཉུང་མི་རིགས་ཁག་ལ་མི་སེར་གྱི་ཐོབ་ཐང་སྤྲད་པའི་ཁྲིམས་འཆར་ཞིག་ཡིན་པ་དང་། ཁྲིམས་དེའི་ནང་དུ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་ཁུངས་སུ་བཞག་མེད་པའི་རྐྱེན་གྱིས། རྒྱ་གར་མངའ་སྡེ་མང་པོའི་ནང་དུ་སློབ་ཕྲུག་གཙོས་པའི་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་ཡོད་པ་དང་། རྒྱ་གར་མངའ་སྡེ་ཨ་སམ(Assam)་ནང་དུ་ངོ་རྒོལ་ཁྲོད་མི་ལྔ་ཤི་ཡོད་པར་གསལ་འདུག

དེ་ཡང་། རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་གར་མི་སེར་ཁྲིམས་འཆར་གསར་པ་དེ་བདུན་ཕྲག་སྔོན་མར་གྲོས་ཚོགས་གོང་འོག་གཉིས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཁྲིམས་འཆར་དེ་ནི་༢༠༡༥་ལོ་ཡར་སྔོན་ལ་རྒྱ་གར་ནང་དུ་ཁྱིམ་མཚེས་རྒྱལ་ཁབ་ཁག ཨ་ཧྥོ་གྷ་ནི་སེ་ཐན་དང་། བྷ་ལན་ཌི་ཞི། པ་གྷི་སི་ཐན་བཅས་ནས་ཡོང་བའི་ཧིན་དུ། སིག་ཁི། ནང་པ། གཅེར་བུ་བ(ཇིན)། ཡེ་ཤུ་བ། པ་སིས་བཅས་ལ་རྒྱ་གར་གྱི་མི་སེར་གྱི་ལག་འཁྱེར་ཐོབ་ཀྱི་ཡོད་པ་དང་། ཁྲིམས་འཆར་དེའི་ནང་དུ་ཁ་ཆེ་བ་གྲངས་ཉུང་མི་རིགས་ཀྱི་ཁུངས་དུ་མེད་པའི་རྐྱེན་གྱིས། རྒྱ་གར་ནང་དུ་ཡོད་པའི་ཁ་ཆེ་བ་གཙོས་པའི་སློབ་ཕྲུག་དང་མི་རྣམས་དང་། ནུབ་ཕྱོགས་སུ་མངའ་སྡེ་ཁག་གི་མི་རྣམས་ཀྱིས་ཁྲིམས་འཆར་དེར་ཆོས་ལུགས་གཞི་བཞག་ཐོག་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་ཐོག་ངོ་རྒོལ་ཤུགས་ཆེན་བྱས་འདུག ངོ་རྒོལ་གྱི་ཁྲོད་དུ་ཆབ་སྲིད་པ་དང་ས་གནས་འགོ་ཁྲིད་ཡང་མཉམ་ཞུགས་བྱས་ཡོད་འདུག

འོན་ཀྱང་། རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་གིས་མི་སེར་ཁྲིམས་འཆར་དེ་ནི་ཆོས་ལུགས་ཐོག་ནས་གྲངས་ཉུང་མི་རིགས་རྣམས་ལ་སྲུང་སྐྱོབ་བྱེད་ཆེད་ཡིན་པ་ལས། གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་ཐོབ་ཐང་འཕྲོག་པའི་ཆེད་དུ་མིན། ཁ་ཆེ་ནི་རྒྱ་གར་ནང་དུ་གྲངས་ཉུང་མི་རིགས་མ་རེད་། ཅེས་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༡༦་ཉིན། རྒྱ་གར་གྱི་མངའ་སྡེ་བྷན་གྷ་ལོ་རིའི་སྤྱི་ཁྱབ་འགན་འཛིན་མ་མ་ཏ་བྷན་ནེར་ཇེར་ལགས་མི་སེར་ཁྲིམས་འཆར་ལ་ངོ་རྒོལ་གྱི་ལས་འགུལ་ནང་དུ་ཞུགས་ཡོད་པ་དང་། ཁོ་མོས་ང་ཚོ་མི་སེར་ཁྲིམས་འཆར་བཅོས་སྒྱུར་དེར་མོས་མཐུན་མེད། ང་ཚོ་མུ་མཐུད་ནས་གཞུང་ལ་ངོ་རྒོལ་བྱེད་རྒྱུ་ཡིན། ཞེས་བརྗོད་འདུག

རྒྱ་གར་གྱི་མི་སེར་ཁྲིམས་འཆར་དེ་དངོས་སུ་གྲོས་ཚོགས་གོང་འོག་རྒྱབ་སྐྱོར་ཐོབ་རྗེས། རྒྱ་གར་མངའ་སྡེ་འདྲ་མིན་ནས་ངོ་རྒོལ་བྱས་པ་འགོ་བརྩམས་ཡོད་ཅིང་། རྒྱ་གར་གྱི་མངའ་སྡེ་ཀོ་ལི་ཀ་ཏ་གྲོང་ཁྱེར་དང་། མོ་བྷིད་གྲོང་ཁྱེར། ཅན་ནི་མངའ་སྡེ། ཧེ་ཌི་ར་བྷ་ཐི་མངའ་སྡེ། རྒྱ་གར་རྒྱལ་ས་ལྡི་ལི། རྒྱ་གར་ནུབ་ཕྱོགས་མངའ་སྡེ་ཨ་སམ་དང་ཊི་རི་པུ་ར་སོགས་སུ་སློབ་ཕྲུག་གཙོས་པའི་མི་མང་གི་ངོ་རྒོལ་བྱུང་ཡོད་པ་དང་། ངོ་རྒོལ་མང་ཆེ་ནི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་ར་བ་དང་གཡས་གཡོན་བྱུང་ཡོད་འདུག

ཁྲིམས་འཆར་དེའི་དབང་གིས་མངའ་སྡེ་མང་པོའི་ནང་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ངོ་རྒོལ་ཁ་ཤས་དྲག་པོའི་ངོ་བོར་གྱུར་ཡོད་འདུག ལྷག་པར་དུ། རྒྱ་གར་ནུབ་ཕྱོགས་མངའ་སྡེ་ཨ་སམ་དང་ཊི་རི་པུ་ར་ནང་དུ་ངོ་རྒོལ་བ་སྟོང་ཕྲག་ཁ་ཤས་ཤིག་གིས་མི་སེར་ཁྲིམས་འཆར་དེར་ངོ་རྒོལ་བྱས་ཡོད་པ་དང་། ཉེན་རྟོག་པས་ངོ་རྒོལ་ཚོར་རྡུང་རྡེག་བཏང་ཡོད་པ་མ་ཟད། མིག་ཆུ་དུག་རླུང་ཡང་གཏོར་ཡོད་འདུག དེའི་ཁྲོད་མི་ལྔ་མ་མཐའ་ཡང་ཤི་ཡོད་པར་གསལ་འདུག དེ་བཞིན་རྒྱ་གར་ཉེན་རྟོག་པ་འབོར་ཆེན་མངའ་སྡེ་དེ་གཉིས་ནང་དུ་སླེབས་ཡོད་ཅིང་། དྲ་ལམ་ཁག་གི་སྒོ་བརྒྱབ་ཡོད་པའང་བརྒྱུད་ལམ་ཁག་ནས་གསལ་འདུག

ཟླ་འདིའི་ཚེས་༡༥་ཉིན། རྒྱལ་ས་ལྡི་ལེར་རྟེན་གཞི་བྱས་ཡོད་པའི་ཇ་མིར་མི་ལི་ཁ་ཆེའི་གཙུག་ལག་སློས་གཉེར་ཁང་(Jamia Milia Islamia university) གི་སློབ་ཕྲུག་༢༠༠༠་ཡས་མས་ཤིག་གིས་མི་སེར་ཁྲིམས་འཆར་དེར་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། དེའི་ཁྲོད་སློབ་ཕྲུག་ཉིས་བརྒྱ་ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག ཉེན་རྟོག་པས་སློབ་ཕྲུག་བཅུ་ཕྲག་ཁ་ཤས་ཤིག་འཛིན་བཟུང་བྱས་ཡོད་འདུག དེར་བརྟེན། ཟླ་འདིའི་ཚེས་༡༦་ཉིན། གོང་གི་སློབ་གཉེར་ཁང་དེའི་སློབ་ཕྲུག་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་མི་སེར་ཁྲིམས་འཆར་དེར། རྒྱ་གར་ལྷོ་ཕྱོགས་མཐོ་སློབ་ཁག་ཅིག་གི་སློབ་མ་དང་ཆབ་སྲིད་པ་ཁག་ཅིག་གིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག དེ་བཞིན། རྒྱ་གར་མངའ་སྡེ་མང་པོ་ཞིག་གི་ནང་དུ་ཁྲིམས་འཆར་དེར་ངོ་རྒོལ་མུ་མཐུད་ནས་འགྲོ་བཞིན་ཡོད་འདུག

བདུན་ཕྲུག་སྔོན་མའི་ནང་དུ། ཊེ་རི་པུ་ར་ནང་དུ་ངོ་རྒོལ་གྱི་ལས་འགུལ་ནང་དུ་ཞུགས་མཁན་མི་སྟོང་ཕྲག་ཁ་ཤས་བྱུང་ཡོད་པ་དང་། དེའི་ཁྲོད་ངོ་རྒོལ་བ་ཚོ་༡༨༠༠་འཛིན་བཟུང་བྱས་ཡོད་འདུག མངའ་སྡེ་ཨ་སམ་དང་ཊི་རི་པུ་ར་གཉིས་ནི་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷན་ལ་ཌི་ཞི་དང་ཧ་ཅང་ཐག་ཉེ་བར་ཡོད་པ་དང་། ལོ་ལྟར་ཧིན་དུ་འབོར་ཆེན་མངའ་སྡེ་དེ་གཉིས་ཀྱི་ནང་དུ་སླེབས་བཞིན་ཡོད་འདུག དེར་བརྟེན། རྒྱ་གར་མི་སེར་ཁྲིམས་གསར་བ་དེ་བྷན་ལ་ཌི་ཞི་ནས་ཧིན་དུ་མི་སེར་མངའ་སྡེ་དེ་གཉིས་ནང་དུ་ཡོང་བར་མང་དུ་འགྲོ་རྒྱུ་ཡིན་པར་རྐྱེན་གྱི་ངོ་རྒོལ་བྱེད་བཞིན་ཡོད་འདུག