19
Fri, Apr

༢༠༡༩་ལོའི་ཟླ་༡༠་ཚེས་༢༣་ཉིན། ༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་བསྐྲུན་མཁན་ན་གཞོན་ཚོར་བཀའ་སློབ་གནང་བཞིན་པ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༠་ཚེས་༢༣་ཉིན། བཞུགས་སྒར་རྡ་སའི་རྒྱལ་བའི་ཕོ་བྲང་མཇལ་འཕྲད་ཁང་དུ། འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཀྱི་བགྲོ་གླེང་ཐོག ༸གོང་ས་མཆོག་གིས་ད་ལྟའི་ཤེས་ཡོན་ལམ་ལུགས་གཅིག་པོས་སེམས་ཁམས་བདེ་ཐང་ཡིན་པའི་ཕྲུག་གུ་ཞིག་གཅེས་སྐྱོང་བྱེད་ཐུབ་མེད། དེར་བརྟེན། བྱམས་བརྩེ་ལྡན་པའི་ཤེས་ཡོན་ལམ་ལུགས་ཤིག་དགོས་པ་གལ་ཆེན་པོ་རེད། ཅེས་བཀའ་བསྩལ་འདུག

དེ་ཡང་། ཞི་བདེ་བསྐྲུན་ཐབས་ཀྱི་བགྲོ་གླེང་ཐེངས་བཞི་པ་འདི། ཨ་རིའི་ཞི་བདེ་བསྟི་གནས་ཁང་(Unites States Institute of Peace)གིས་གོ་སྒྲིག་ཞུས་པ་པ་དང་། ༸གོང་ས་མཆོག་གིས་རྙོག་འཛིང་ཆེ་བའི་འཛམ་གླིང་ས་ཕྱོགས་འདྲ་མིན་ནས་ཕེབས་པའི་ན་གཞོན་ཞི་བདེ་བསྐྲུན་མཁན་ཁག་ཅིག་གི་ལྷན་དུ། ཉིན་གཉིས་ཀྱི་རིང་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཐོག་བགྲོ་གླེང་འགོ་འཛུགས་གནང་སོང་། ཚོགས་བཅར་བ་ནི་རྒྱལ་ཁབ་༡༢་ནས་ཕེབས་པའི་ན་གཞོན་༢༦་ཉམས་ཞུགས་ཡོད་ཅིང་། ཁོ་ཚོ་མང་ཆེ་བ་ནི་སྒེར་ལ་གཞན་གྱིས་དྲག་སྤྱོད་བྱས་ཡོད་ཀྱང་། ཞི་བདེ་དོན་དུ་གཉེར་མཁན་རྐྱང་ཡིན་འདུག

དང་ཐོག ཨ་རིའི་ཞི་བདེ་བསྟི་གནས་ཁང་(Unites States Institute of Peace)གི་འགན་འཛིན་ལགས་ཀྱིས་བགྲོ་གླེང་བཞི་པའི་ཐོག་ཚོགས་བཅར་རྣམས་ཀྱི་ངོ་སྤྲོད་གནང་དོན། ན་གཞོན་འདི་ཚོ་ནི་རྙོག་འཛིང་དང་དྲག་པོ་ཡོད་པའི་ས་ཆ་ནས་སྒེར་སོ་སོར་དྲག་པོའི་གནས་ཚུལ་བྱུང་ཡོད་པའི་མི་སྣ་ཁོ་ན་རེད། འོན་ཀྱང་། ཁོང་ཚོས་རང་ཉིད་ཀྱི་སྤྱི་ཚོགས་ཀྱི་ནང་དུ། ཞི་བདེའི་ལམ་ཁར་འགྲོ་བར་བདམས་ནས་ཞི་བདེ་བསྐྲུན་ཐབས་བྱེད་མཁན་རྐྱང་རེད། དེར་བརྟེན། ༸གོང་ས་མཆོག་གིས་ཁོ་ཚོར་དཀའ་ངལ་འཕྲད་སྐབས། གདོང་ལེན་ཇི་ལྟར་བྱེད་དགོས་པའི་ཐོག་བཀའ་སློབ་གནང་རོགས་ཞེས་ཞུས་སོང་།

དེ་ནས། རྙོག་འཛིང་ཆེ་བའི་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་ན་གཞོན་ཚོས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་བྱས་རྗེས། ༸གོང་ས་མཆོག་ལ་རང་ཉིད་སྒེར་ལ་དྲག་པོ་དང་གཉའ་གནོན་ཁྲོད་སེམས་ཞི་བདེ་ཇི་ལྟར་བསྐྲུན་དགོས་མིན་དང་། མི་ཕན་ཚུན་བར་ལ་མཛའ་བརྩེ་དང་ཞི་བདེ་ཇི་ལྟར་བསྐྲུན་དགོས་མིན། འཛམ་གླིང་གི་ཐོག་ཞི་བདེ་ཇི་ལྟར་བསྐྲུན་དགོས་མིན་སོགས་ཀྱི་ཐོག་དྲི་བ་བཏང་སོང་། དེ་ནས། ༸གོང་ས་མཆོག་གིས་༡༩༥༠་ཡི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག རྒྱ་གཞུང་དང་བོད་པའི་བར་ཇི་ལྟར་འགྲིག་ཐབས་གནང་བ་སོགས་ཀྱི་ཐོག་སྐུ་སྒེར་གྱི་མྱོང་ཚོར་སོགས་གསུངས་སོང་།

དེ་ནས་ཁོང་གིས་མུ་མཐུད་ནས་གསུང་དོན། ང་ཚོས་འགྲོ་བ་མི་གཅིག་པ་ཡིན་པར་བསམ་བློ་གཏོང་ཐུབ་དགོས། ཚན་རིག་པས་མི་ནི་སྤྱི་ཚོགས་ཀྱི་སེམས་ཅན་རེད་ཅེས་བརྗོད་བཞིན་ཡོད། ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་བྱས་ནས་སྡོད་དགོས། སེམས་ནང་དུ་ཁོང་ཁྲོ་དང་ཞེ་སྡང་སོགས་བསྐྱེད་ན་ང་ཚོའི་ལུས་སེམས་གཉིས་ཀར་གནོད་ཀྱི་ཡོད། ང་ཚོ་བདེ་ཐང་གི་གཟུགས་པོ་ཞིག་དགོས་ཡོད། ངོས་ཀྱིས་དེང་སང་བྱིས་པ་ཆུང་ཆུང་ནས་མཐོ་སློབ་བར་དུ་གཟུགས་པོའི་འཕྲོད་བསྟེན་སློབ་པ་ཁོ་ན་མིན་པ། སེམས་ཀྱི་འཕྲོད་བསྟེན་ཡང་སློབ་དགོས་པའི་སྐུལ་མ་བྱེད་བཞིན་ཡོད། ངོས་ཀྱིས་འགྲོ་བ་མིའི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། དེང་སང་གི་ཤེས་ཡོན་ལམ་ལུགས་ཀྱིས་སེམས་ཀྱི་ཡོན་ཏན་ཐོག་དོ་སྣང་དེ་འདྲ་སྤྲད་མེད། དེར་བརྟེན། ང་ཚོས་སེམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་པར་རྒྱ་གར་གྱི་གནའ་བའི་རིག་གནས་ལས་སློབ་སྦྱོང་བྱེད་ཐུབ་ཀྱི་རེད་ཅེས་གསུངས་སོང་།

ཆོས་ལུགས་ཚང་མས་ཐབས་ཤེས་འདྲ་མིན་བཏང་ནས་ཆོས་གསུང་གི་ཡོད་རུང་། མཐར་ཐུག་གི་དམིགས་ཡུལ་ནི་གཅིག་པ་ཡིན། དེ་ནི་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་རེད། མི་རིགས་དཀར་ནག་དང་ཁ་མདོག་གི་ཁྱད་པ་ཡོད་ཀྱང་། མི་ཡི་རྣམ་དཔྱོད་ལ་ཁྱད་པ་མེད། མི་ནག་དང་མི་དཀར། རྒྱ་མི་དང་བོད་པ་སོགས་ཀྱི་རྣམ་དཔྱོད་ནི་གཅིག་པ་ཡིན། དེར་བརྟེན། ང་ཚོས་འགྲོ་བ་མི་ནི་ཕྱི་དང་ནང་སོགས་གཅིག་པ་ཡིན་པའི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

དཀའ་ངལ་མང་ཆེ་ཤོས་ནི་མིས་བཟོས་པ་རེད། དེ་གཙོ་བོ་ནི་ཁྱོད་དང་ང། ཁོ་ཚོ་ཞེས་དབྱེ་ནས་བྱུང་བ་རེད། ཆོས་དད་མི་འདྲ་དང་རྒྱལ་ཁབ་གང་ནས་ཡིན་རུང་། ང་ཚོ་ཚང་མ་འགྲོ་བ་མི་གཅིག་ཡིན་བསམ་པའི་བསམ་བློ་དགོས། དེ་ཚོ་ནི་ཤེས་ཡོན་ཐོག་ནས་ཡོང་ཐུབ། བྱས་ཙང་། ང་ཚོས་ངེས་པ་དུ་ད་ལྟའི་ཤེས་ཡོན་ལམ་ལུགས་འགྱུར་བ་གཏོང་དགོས། ད་ལྟའི་ཤེས་ཡོན་ལམ་ལུགས་ཁོ་ན་ཡིས་སེམས་ཁམས་བདེ་ཐང་ཡིན་པའི་ཕྲུག་གུ་ཞིག་གཅེས་སྐྱོང་བྱེད་ཐུབ་མེད། དེར་བརྟེན། བྱམས་བརྩེ་ལྡན་པའི་ཤེས་ཡོན་ལམ་ལུགས་ཤིག་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

དེའི་ཐོག ན་གཞོན་ཁྱོད་ཚོ་ཧ་ཅང་གལ་ཆེན་པོ་རེད། ན་གཞོན་ཚོས་བསམ་བློ་བཟང་བའི་ཕྱོགས་དང་། བསམ་བློ་རྒྱ་ཆེན་པོ་བཏང་ནས་དེའི་ཐོག་འབད་བརྩོན་བྱེད་ཐུབ་ན། ལོ་ངོ་ཉི་ཤུ་དང་སུམ་ཅུའི་ནང་དུ། འཛམ་གླིང་མི་འདྲ་བ་ཞིག་འགྱུར་བ་གཏོང་ཐུབ་ཀྱི་རེད་ཅེས་བཀའ་བསྩལ།

ཐེངས་བཞི་པའི་ཞི་བདེ་བསྐྲུན་ཐབས་ཀྱི་བགྲོ་གླེང་གི་ཐོག ཚོགས་བཅར་བ་རྣམས་ནི། ལྷོ་སུ་ཌན་(South Sudan)་དང་། ཎེ་ཇེ་རི(Negeria) མར་ཡན་མར(Myanmar), ཝེ་ཎ་ཛེུ་ལ(Venezuela), ཨེ་རན་ཁི(Iranq), ཨ་ཧྥི་གྷ་ནི་སུ་ཊན(Afganistan), ཊུན་ཎི་ཞི་ཡ(Tunisia), ལི་བྷི་ཡ(Libya), སི་རི་ཡ(Syria),་རྒྱ་གར(India), ཀོ་ལོམ་བྷི་ཡ(Colombia), ཨོ་གླིང་(Australia), ཨ་རི(USA), ལེ་བྷན་ཎོན(Lebanon), སོ་མ་ལི་ཡ(Somalia)་བཅས་ནས་ཡིན་འདུག