19
Fri, Apr

ཁོར་ཡུག་སྲུང་སྐྱོབ་པ་བྷརེ་ཊ་ཐུན་བྷེར་(Greta Thunberg)་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ལག་བསྟར་ལྷན་ཚོགས་ཀྱི་ཐོག་ཏུ་གཏམ་བཤད་སྤེལ་སྐབས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༩་ཚེས་༢༣་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལག་བསྟར་ལྷན་ཚོགས་(United Nations Climate Action Summit)་དེ་ནེའུ་ཡོར་དུ་ཚོགས་ཡོད་པ་དང་། དེའི་ཐོག ཁོར་ཡུག་སྲུང་སྐྱོབ་པ་བྷརེ་ཊ་ཐུན་བྷེར་(Greta Thunberg)་ལགས་ཀྱིས། ཁྱོད་ཚོས་སྐད་ཆ་སྟོང་པ་ཞིག་གིས་ངའི་རྨི་ལམ་དང་བྱིས་པའི་འཚོ་བ་འཕྲོག་སོང་། གལ་སྲིད། གནམ་གཤིས་འགྱུར་ལྡོག་ཐོག་ལག་བསྟར་མ་བྱེད་ན། མི་རབས་གསར་པ་ཚོས་ཁྱོད་ཚོ་ནམ་ཡང་དགོངས་ཡངས་མི་གཏོང་ཞེས་བརྗོད་འདུག

དེ་ཡང་། གོང་ཚེས་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ལག་བསྟར་ལྷན་ཚོགས་ཀྱི་ཐོག་ཏུ། སྭི་ཌེན་(Sweden)་གྱི་བུ་མོ་ལོ་ན་༡༦་ཡིན་པའི་ཁོར་ཡུག་སྲུང་སྐྱོབ་པ་བྷརེ་ཊ་ཐུན་བྷེར་ལགས་ཀྱིས་ཁོར་ཡུག་དང་འབྲེལ་བའི་ཐོག་གཏམ་བཤད་འདི་ལྟར་བཤད་འདུག

ངའི་གཏམ་བཤད་འདི་ནི། ང་ཚོས་ཁྱོད་ཚོར་ལྟ་ཞིབ་བྱ་ངེས་ཡིན་ཞེས་པ་འདི་ཡིན། འདི་ནི་རྦད་དེ་ནོར་བ་རེད། ང་འདི་ནས་ལངས་དགོས་འདུན་་མེད། ང་རྒྱ་མཚོ་འདིའི་ཕ་རོལ་གྱི་སློབ་གྲྭའི་ནང་དུ་ཡོད་དགོས། ཡིན་ནའང་། ཁྱོད་ཚོ་ཚང་མས་གཞོན་སྐྱེས་ཚོར་རེ་བ་བྱེད་ཀྱི་ཡོད། ཁྱོད་ཚོས་ག་འདྲ་བྱས་ནས་དེ་ལྟར་བྱེད་ཕོད་དམ། ཁྱོད་ཚོས་སྐད་ཆ་སྟོང་པ་ཞིག་གིས་ངའི་རྨི་ལམ་དང་བྱིས་པའི་འཚོ་བ་འཕྲོག་སོང་། འོན་ཀྱང་། ང་ནི་ལས་བསོད་རླུང་རྟ་ཅན་གཅིག་རེད།

མི་རྣམས་ཀྱིས་དཀའ་སྡུག་མྱོང་བཞིན་ཡོད་ལ། མི་རྣམས་ཤི་བཞིན་ཡང་ཡོད། སྐྱེས་ཁམས་མ་ལག་ཁྱོན་ཡོངས་ལ་ཉེན་ཚབས་འབྱུང་བཞིན་ཡོད། ང་ཚོ་ནི་རྩ་སྟོང་ཤུགས་ཆེན་ཞིག་འགྲོ་བའི་དུས་སུ་སླེབས་ཡོད། འོན་ཀྱང་། ཁྱོད་ཚོས་སྒོར་མོ་རྐྱང་རྐྱང་དང་། དཔལ་འབྱོར་ཡར་རྒྱས་ཀྱི་ལྷ་སྒྲུང་ཁོ་ན་ཤོད་ཀྱི་འདུག ཁྱོད་ཚོས་ཇི་ལྟར་དེ་འདྲ་བྱེད་ཕོད་ཀྱི་འདུག་གམ།

ལོ་ངོ་༣༠་ལྷག་གི་རིང་ཁོར་ཡུག་ལ་གཏོར་བཅོམ་ཕྱིན་པར་ཚན་རིག་གིས་གསལ་པོར་བཟོས་ཡོད། ཁྱོད་ཚོ་མུ་མཐུད་ནས་གནད་དོན་དེར་གཡོལ་ཞིང་། འདིར་སླེབས་ནས་ཁོར་ཡུག་ཐོག་ཡག་ཐག་ཆོད་བྱས་ཡོད་ཟེར་གྱི་འདུག འོན་ཀྱང་། ཆབ་སྲིད་དང་དཀའ་ངལ་སེལ་ཐབས་དགོས་དུས་གང་ཡང་མཐོང་རྒྱུ་མིན་འདུག ཁྱོད་ཚོ་ཇི་ལྟར་དེ་འདྲ་བྱེད་ཕོད་འདུག་གམ།

ཁྱོད་ཚོས་ང་ཚོའི་དཀའ་ངལ་རྟོགས་ཡོད་ཟེར། དཀའ་ངལ་དེ་ཛ་དྲག་ཡིན་པར་རྟོགས་ཀྱི་ཡོད་ཟེར། འོན་ཀྱང་། ང་ག་ཚོད་སེམས་པ་སྐྱོ་བ་དང་ཁོང་ཁྲོ་ལངས་རུང་། ངས་ཁྱོད་ཚོར་ཡིད་ཆེས་བྱེད་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན། ཁྱོད་ཚོས་དངོས་གནས་ཁོར་ཡུག་གི་དཀའ་ངལ་དང་ཉེན་ཚབས་རྟོགས་ཀྱི་ཡོད་ན། ཅིའི་ཕྱིར་ད་དུང་ཡིན་རུང་དེའི་ཐོག་ལ་ལས་དོན་གྱི་ལག་བསྟར་བྱེད་ཐུབ་ཀྱི་མེད་དམ། དེར་བརྟེན། ཁྱོད་ཚོ་སྡུག་ཅག་རེད། ངས་ཡིད་ཆེས་བྱེད་རྒྱུ་མིན།

ཁྱོད་ཚོས་ཁོར་ཡུག་གི་དཀའ་ངལ་འདི་རྒྱུན་ལྡན་གྱི་ཚོང་འབྲེལ་དང་འཕྲུལ་ལས་ཀྱི་ཐབས་ལམ་བཅས་ལ་བརྟེན་ནས་སེལ་ཐུབ་མདོག་ཇི་ལྟར་བྱེད་ཕོད་དམ། དེང་སྐབས་ཀྱི་དབྱང་གཉིས་སོལ་འགྱུར་གྱི་ཚད་ལ་གཞིར་བཞག་ན། ལོ་བརྒྱད་དང་ཕྱེད་ཀ་ཙམ་གྱི་ནང་དུ། ཤུལ་ལྷག་གི་དབྱང་གཉིས་སོལ་འགྱུར་ཡོངས་སུ་རྫོགས་རྒྱུ་རེད། དེའི་ཐོག་ལ་དཀའ་ངལ་སེལ་ཐབས་གང་ཡང་བྱེད་ཀྱི་མེད། ཁྱོད་ཚོའི་བསམ་བློ་ད་དུང་ཡང་སྨིན་མི་འདུག་ལ། ཁྱོད་ཚོས་དངོས་ཡོད་གང་ཡིན་པ་དེ་ཟེར་གྱི་མི་འདུག

ཁྱོད་ཚོས་ང་ཚོར་མགོ་སྐོར་གཏོང་གིན་ཡོད། འོན་ཀྱང་། གཞོན་སྐྱེས་ཚོས་ཁྱོད་ཚོས་མགོ་སྐོར་བཏང་བ་དེ་ཤེས་རྟོགས་བྱུང་ཡོད། མ་འོངས་པའི་མི་རབས་ཚོས་ཁྱོད་ཚོར་ལྟ་རྟོག་བྱེད་བཞིན་ཡོད། གལ་སྲིད། ཁྱོད་ཚོས་ང་ཚོར་མུ་མཐད་ནས་མགོ་སྐོར་བཏང་ན། ང་ཚོས་ཁྱོད་ཚོ་ནམ་ཡང་དགོངས་ཡངས་མི་གཏོང་། ཁྱོད་ཚོ་གནད་དོན་འདི་དང་ནམ་ཡང་ཁ་བྲལ་དུ་མི་འཇུག ས་ཆ་འདི་ནས་དུས་ཚོད་འདིར་ང་ཚོས་ཁྱོད་ཚོར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་དགོས། འཛམ་གླིང་ནི་འགྱུར་བ་འགྲོ་བཞིན་ཡོད། འགྱུརལྡོག་ནི་ཡོང་བཞིན་པ་རེད། ཁྱོད་ཚོ་དགའ་ནའང་རེད། མ་དགའ་ནའང་རེད། ཅེས་ཚོར་ཤུགས་ཆེན་པོས་བརྗོད་འདུག

དེའི་རྗེས། ན་གཞོན་ཚོས་འཛམ་གླིང་གི་རྒྱལ་ཁབ་ལྔ་ལ་བྱིས་པའི་ཐོབ་ཐང་གྲོས་ཆོད་(Convention on the Rights of the Child )་སྲུང་རྩིས་བྱེད་ཐུབ་མེད་པའི་ཐོག་ལ་སྐྱོན་བརྗོད་བྱས་ཡོད་ཅིང་། གྲོས་ཆོད་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གྲོས་ཆོད་ཅིག་ཡིན་པ་དང་། དེའི་ནང་དུ་བྱིས་པ་ཚོའི་ཆབ་སྲིད་དང་། སྤྱི་ཚོགས། འཕྲོད་བསྟེན་སོགས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་ཡོད་འདུག དེར་བརྟེན། གནམ་གཤིས་འགྱུར་ལྡོག་རྐྱེན་པས་བྱིས་པ་ཚོའི་འཕྲོད་བསྟེན་སོགས་ལ་གནོན་ཤུགས་ཐེབས་ཀྱི་ཡོད་སྟབས། རྒྱལ་ཁབ་དེ་ཚོས་བྱིས་པ་ཚོའི་ཐོབ་ཐང་ལ་སྲུང་བརྩི་ཡི་འགན་ཁུར་ཐུབ་མེད་པར་བརྗོད་ནས་སྐྱོན་བརྗོད་བྱས་འདུག རྒྱལ་ཁབ་དེ་དག་ནི་ཇར་མན། ཧྥ་རིན་སི། བྷ་རཱ་ཟིལ། ཨར་ཇེན་ཊི་ན། ཊུར་ཀེ་བཅས་ཡིན་འདུག

བྱིས་པ་དེ་ཚོས་བརྗོད་པ་ལྟར་ན། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་བརྟེན་ནས་ཁོ་ཚོའི་འཚོ་བར་ཤུགས་རྐྱེན་ཐེབས་ཡོད་པ་དང་། ཁོ་ཚོའི་མ་འོངས་པའི་འཚོ་བར་དེ་ལས་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་མ་ཟད། ཉེན་ཁ་ཅན་ཞིག་ཆགས་ཡོད་ཅེས་བརྗོད་འདུག དེ་བཞིན། བྱིས་པ་དེ་ཚོས་རྒྱལ་ཁབ་དེ་ཚོར་དངུལ་གྱི་གུན་གསབ་དགོས་པའི་དགོས་འདུན་འདོན་གྱི་མེད་པ། དེའི་ཚབ་ཏུ། རྒྱལ་ཁབ་དེ་ཚོས་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་བའི་ཐོག་ལ་མྱུར་དུ་ལག་བསྟར་དགོས་པའི་དགོས་འདུན་བཏོན་འདུག

གྷར་ཊར་ཐུན་བྷེར་(Greta Thunberg)་ལོ་ན་༡༥་ཡིན་སྐབས། སྭི་ཌེན་གྱི་གྲོས་ཚོགས་ཀྱི་མདུན་དུ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་བའི་ཐོག་ལ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུས་ནས་ངོ་རྒོལ་བྱས་ཡོད་ཅིང་། དེའི་རྗེས། སློབ་ཕྲུག་མང་པོ་ཞིག་ཐུན་བྷེར་དང་མཉམ་དུ་སླེབས་ནས་གནམ་གཤིས་འགྱུར་ལྡོག་ཐོག་ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་ཡོད་པ་མ་ཟད། ལས་འགུལ་དེ་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་གཞོན་སྐྱེས་ཚོར་སེམས་ཤུགས་ཧ་ལས་པ་ཐེབས་ཡོད་འདུག དེར་བརྟེན། བདུན་ཕྲག་རེར་འཛམ་གླིང་ས་ཕྱོགས་ཤིག་ལ་ན་གཞོན་ཚོས་གནམ་གཤིས་ཀྱི་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཐོག་ལ་ལས་འགུལ་སྤེལ་བཞིན་ཡོད་འདུག

ཐུན་བྷེར་ལགས་ཀྱིས་གྲོས་ཚོགས་དང་མི་མང་སྤྱིར་གནམ་གཤིས་འགྱུར་ལྡོག་གི་ཉེན་ཚབས་ལ་མྱུར་དུ་ལག་བསྟར་བྱེད་དགོས་པའི་ནན་སྐུལ་བྱེད་བཞིན་ཡོད་ཅིང་། དེ་བཞིན། རང་ཉིད་ཀྱི་ནང་མི་ནས་འགྱུར་བ་གཏོང་བར་འགོ་བརྩམས་ཡོད་འདུག དཔེར་ན། ཕ་མ་གཉིས་ལ་གནམ་གྲུའི་ནང་དུ་འགྲུལ་བསྐྱོད་མི་བྱེད་པ་དང་། ཤ་མི་ཟ་བ་བཅས་བྱས་ཡོད་འདུག མི་ཁག་ཅིག་གིས་ཐུན་བྷེར་ལ་མ་འོངས་པའི་འགོ་ཁྲིད་ཞེས་ཀྱང་མིང་བཏགས་ཡོད་འདུག

གཞན་ཡང་། ཟླ་འདིའི་ཚེས་༢༠་ནས་༢༧་བར་དུ། འཛམ་གླིང་ཁྱོན་ཡོངས་ལ་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་ངོ་རྒོལ་དང་གོ་རྟོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་འདུག ཟླ་འདིའི་ཚེས་༢༠་ཉིན། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ངོ་རྒོལ་ཞེས་པའི་ཐོག འཛམ་གླིང་ཐོག་གི་གླིང་ཕྲན་བྱང་ཨ་མེ་རི་ཁ་དང་། ཡུ་རོབ། ཨ་ཧྥི་རི་ཁ། ཨེ་ཤི་ཡ། ཨོ་གླིང་བཅས་ཀྱི་ནང་དུ། གཞོན་སྐྱེས་གཙོ་པའི་མི་མང་ས་ཡ་ཁག་ཤས་ཤིག་གིས་ངོ་རྒོལ་གྱི་ལས་འགུལ་དེའི་ནང་དུ་འཛུལ་ཞུགས་བྱས་ཏེ། འཛམ་གླིང་གི་འགོ་ཁྲིད་དང་། ཁྲིམས་བཟོ་བ། ཤེས་ཡོན་པ་སོགས་ལ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་མྱུར་སེལ་ཡོང་བའི་དགོས་འདུན་བཏོན་འདུག

དེ་བཞིན། བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་ཀྱི་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག རྡ་ས་དང་ལྡི་ལི་བཅས་ལ་བོད་ཀྱི་ཁོར་ཡུག་ཐོག་ལ་མི་མང་ལ་གོ་རྟོགས་ཀྱི་ལུས་འགུལ་དང་། གཏམ་བཤད་སོགས་སྤེལ་ཡོད་འདུག