15
Sun, Sep

༢༠༡༩ལོའི་ཟླ་༩་ཚེས་༢་ཉིན། ཧོང་ཀོང་ནང་དུ་སློབ་ཕྲུག་དང་མི་མང་གིས་གཞུང་ལ་ངོ་རྒོལ་བྱེད་བཞིན་པའི་རྣམ་པ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༩་ཚེས་༢་ཉིན། ཧོང་ཀོང་གི་གྲོང་ཁྱེར་གསུམ་གྱི་ནང་དུ། སློབ་ཕྲུག་གཙོ་པའི་མི་མང་སྟོང་ཕྲག་འགའ་ཞིག་གིས་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང། གཞན་ཧོང་ཀོང་སྤྱི་ཁྱབ་འགན་འཛིན་གྱིས་ཁོ་མོ་དགོངས་པ་ཞུ་འདོད་ཡོད་རུང་། རང་དབང་མེད་པའི་སྐོར་བཤད་ཀྱིན་ཡོད་པའི་གསང་བའི་སྐད་ཆའི་སྒྲ་འཇུག་ཅིག་ཕྱིར་ཤོར་ཡོད་འདུག

དེ་ཡང་། ཧོང་ཀོང་ནང་དུ་བྱུང་བའི་བདུན་ཕྲག་༡༣་པའི་ངོ་རྒོལ་དེ། ཟླ་༨་ཚེས་༣༡་དང་ཟླ་འདིའི་ཚེས་༡་ཉིན་ལ་བྱས་ཡོད་པ་དང་། ངོ་རྒོལ་དེའི་ཁྲོད་མི་མང་སྟོང་ཕྲག་མང་པོ་འཛུལ་ཞུགས་བྱས་ཡོད་ཅིང་། ཉེན་རྟོག་པ་རྣམས་སྔར་ལས་སྡུག་རྩུབ་ཆེ་རུ་ཕྱིན་ཡོད་འདུག མིག་ཆུ་དུག་རླུང་དང་། མེ་ཆུ་སོགས་གཏོར་ཡོད་པ་མ་ཟད། ཐ་ན། ཉེན་རྟོག་པས་མེ་འཁོར་ནང་གི་འགྲུལ་པར་ཡང་རྡུང་རྡེག་ཚད་མེད་བཏང་ཡོད་འདུག ངོ་རྒོལ་བ་མི་གྲངས་༥༡་འཛིན་བཟུང་བྱས་ཡོད་འདུག བདུན་ཕྲག་སྔོན་མ་ནས་མང་གཙོ་འཐབ་རྩོད་པ་དང་ཆར་གདུག་ལས་འགུལ་གྱི་འགོ་ཁྲིད་མཁན་ཚོ་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས། ངོ་རྒོལ་གྱི་རྣམ་པ་ནི་ངར་ཤུགས་ཆེ་རུ་ཕྱིན་ཡོད་འདུག

ཟླ་འདིའི་ཚེས་༢་ཉིན་ནི། སློབ་ཕྲུག་ཚོ་དབྱར་ཁའི་གུང་གསེང་རྫོགས་ནས་འཛིན་གྲྭ་འཚོགས་པའི་ཉིན་མོ་ཡིན་རུང་། སློབ་ཕྲུག་སྟོང་ཕྲག་མང་པོ་འཛིན་གྲྭར་མ་ཕྱིན་པར་ཁྲོམ་གཞུང་དུ་ངོ་རྒོལ་བྱེད་དུ་ཡོང་ཡོད་པ་དང་། ཁོ་ཚོས་ཧོང་ཀོང་ནང་གི་ངོ་རྒོལ་བ་ཚོའི་དགོས་འདུན་རྣམས་སྐོང་དགོས་དང་། འཛིན་བཟུང་བྱས་པའི་མང་གཙོ་དོན་གཉེར་བ་རྣམས་གློད་གྲོལ་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན། ཧོང་ཀོང་ནང་གི་རྒྱལ་མོ་མར་རུ་སྨན་ཁང་(Queen Mary Hospital)་ཞེས་པའི་ནང་། སྨན་ཞབས་པ་ཚོས་ལག་ཏུ་འཕྲད་དར་བཟུང་ནས། ཉེན་རྟོག་པས་དྲག་གནོན་མཚམས་འཇོག་དགོས། ཧོང་ཀོང་ངོ་རྒོལ་བ་ཚོའི་མཉམ་དུ་ཡོད། ཅེས་བྲིས་ཏེ་ངོ་རྒོལ་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱས་ཡོད་འདུག

གཞན་ཡང་། ཉེ་ཆར། ཧོང་ཀོང་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ(Carrie Lam)་གྱིས་ཚོང་པ་ཁག་ཅིག་དང་མཉམ་དུ་ནང་ཁུལ་གྱི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། དེའི་སྐབས་སུ། ཁོ་མོས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་བཏོན་པར་འགྱོད་པ་ཤུགས་ཆེན་སྐྱེ་བཞིན་ཡོད་པ་དང་། ཧོང་ཀོང་ནང་དུ་ངོ་རྒོལ་བྱས་དང་བྱེད་བཞིན་ཡོད་པ་ནི་ཁོ་མོའི་ནོར་འཁྲུལ་ཡིན་པ་དང་། དེ་ནི་དགོངས་ཡངས་བྱེད་མི་ཐུབ་པའི་ཉེས་པ་ཞིག་རེད་། གལ་སྲིད་ཁོ་མོ་ལ་རང་དབང་ཡོད་ན། ཁོ་མོ་འགན་འཛིན་ལས་གནས་ནས་དགོངས་པ་ཞུས་ཏེ། ཧོང་ཀོང་མི་མང་ལ་སེམས་གཏིང་ནས་དགོངས་དག་ཞུ་རྒྱུ་ཡིན་ཞེས་དང་། ད་དུང་། ཁོ་མོས་ཧོང་ཀོང་མི་མང་དང་རྒྱ་ནག་བར་ལ་འདི་འདྲའི་དངངས་ཚབ་དང་སེམས་འཚབ་ཡོད་པ་ནི། དེའི་སྔོན་ནས་ཤེས་རྟོགས་བྱུང་ཐུབ་མེད། ཅེས་བཤད་པའི་སྐད་ཆ་ཞིག་གསང་བའི་ཐོག་ནས་སྒྲ་འཇུག་བྱས་ཡོད་པ་དང་། དེ་རེ་ཊེར(Reuters) གསར་ཁང་དུ་རེག་ནས་ཕྱིར་བསྒྲགས་བྱས་འདུག དེ་ནི་ཁོ་མོ་རྒྱ་གཞུང་གི་གནོན་ཤུགས་འོག་ཏུ་གནས་ཡོད་པ་མཚོན་གྱི་ཡོད་པའི་རྟགས་མཚན་ཞིག་ཡིན་པ་བརྒྱུད་ལམ་ཁག་ནས་བརྗོད་བཞིན་འདུག

འོན་ཀྱང་། དེ་རིང་ཞོགས་པ་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ཧོང་ཀོང་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་དགོངས་པ་ཞུ་དགོས་པའི་སྐོར་དེ་རྒྱ་གཞུང་དང་འབྲེལ་བ་མེད་པ་དང་། ད་ལྟར་ཧོང་ཀོང་གི་གནས་སྟངས་ཉག་ཕྲ་བའི་དུས་སྐབས་འདིར་ཁོ་མོས་དཀའ་ངལ་སེལ་ཐབས་བྱེད་རྒྱུ་ལས་དགོངས་པ་ཞུ་རྒྱུ་མིན་སྐོར་བརྗོད་འདུག

ཧོང་ཀོང་ནང་གི་རྒན་འབྲིང་གཞོན་གསུམ་གྱི་ངོ་རྒོལ་ལས་འགུལ་འདི་ནི། འདི་ལོའི་ཟླ་༦་པ་ནས་མགོ་བརྩམས་ཡོད་པ་དང་། ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་ནི། ཧོང་ཀོང་ནང་དུ་ཉེས་ཅན་རྩི་སྤྲོད་ཀྱི་ཁྲིམས་འཆར་ཞིག་བཏོན་ནས། ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་གཙོ་པའི་མི་མང་ལ་རང་དབང་ལོངས་སུ་སྤྱོད་པར་འགོག་རྐྱེན་ཞིག་དུ་གྱུར་ཡོད་པས་རེད། དེ་བཞིན། ཉེ་བའི་ལོ་འགའ་ཡི་ནང་དུ། ཧོང་ཀོང་ནང་དུ་རྒྱ་གཞུང་གིས་གནོན་ཤུགས་དངོས་ཤུགས་བརྒྱུད་གསུམ་ནས་སླེབས་ཡོད་པ་དང་། ཧོང་ཀོང་མི་མང་ལ་རང་དབང་དང་མང་གཙོ་ལོངས་སུ་སྤྱོད་པར་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པའི་དབང་གིས། རང་དབང་དང་མང་གཙོ་མི་བརླག་པའི་ཆེད་དུ། གཞོན་སྐྱེས་གཙོ་པའི་མི་མང་ས་ཡ་མང་པོས་ཟླ་གསུམ་ཙམ་ཞིག་གི་རིང་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པ་རེད། ཧོང་ཀོང་ནང་གི་ངོ་རྒོལ་འདིས་གཞོན་སྐྱེས་ཚོའི་མང་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ལ་བཅངས་པའི་མངོན་འདོད་དང་། ཞུམ་པ་མེད་པའི་སྙིང་སྟོབས་དེ་མཚོན་པ་མ་ཟད། ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཀྱང་ཆགས་ཡོད་པ་རེད།

ཧོང་ཀོང་གི་ངོ་རྒོལ་ཐོག རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། རྒྱལ་ཁབ་ཀྱི་དབུ་ཁྲིད་ཁག དེ་བཞིན་རང་དབང་དང་མང་གཙོ་དོན་གཉེར་བ། རྩོམ་པ་པོ་སོགས་ནས་རྒྱབ་སྐྱོར་དང་སེམས་ཁུར་བྱེད་བཞིན་ཡོད་འདུག བོད་ཀྱིས་ཀྱང་ཧོང་ཀོང་གི་ངོ་རྒོལ་ཐོག་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་གཏམ་བཤད་དང་ལས་འགུལ་འདྲ་མིན་སྤེལ་ཡོད།

དེ་ཡང་ཟླ་༨་ཚེས་༡༥་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་རང་བཙན་ཉིན་མོར། ཧོང་ཀོང་ནང་ད་ལྟར་འབྱུང་བཞིན་པའི་ངོ་རྒོལ་ཐད་ལ་གསུང་དོན། ཧོང་ཀོང་ནང་མང་གཙོ་དང་རང་དབང་རྩོད་མཁན་ཚང་མར་བོད་པ་ཚོས་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད། གནས་ཚུལ་གོ་བ་ཞིག་ལ་རྒྱ་མིའི་དམག་མི་ཧོང་ཀོང་གི་ས་མཚམས་ཁག་ལ་སླེབས་ཡོད་རེད་ཟེར་ནས་གོ་རྒྱུ་འདུག ང་ཚོ་འཚེ་མེད་ཞི་བའི་ལམ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པའི་ཆ་ནས། དྲག་གནོད་ཀྱི་ལམ་ནས་གནས་ཚུལ་ཐག་གཅོད་བྱས་པ་ཡིན་ན། གནས་ཚུལ་དེ་སྡུག་ཏུ་འགྲོ་རྒྱུ་མ་གཏོགས་ཡོད་མ་རེད། དེར་བརྟེན། ཞི་བའི་ལམ་ཐོག་ནས་ཕན་ཚུན་གྲོས་མོལ་བྱས་ནས་དཀའ་ངལ་སེལ་ཐབས་བྱས་པ་ཡིན་ན་ཚང་མར་ཕན་ཐོགས་ཆེན་པོ་ཡོད་རེད་ཅེས་གསུངས།

དེ་ནས། ཟླ་འདིའི་ཚེས་༢་ཉིན། བོད་མིའི་མང་གཙོའི་ཉིན་མོར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཡིས་གསུང་བཤད་གནང་བའི་ནང་། འདས་པའི་ཟླ་ཤས་རིང་ནས་བཟུང་ཧོང་ཀོང་མི་མང་ས་ཡ་མང་པོས་མང་གཙོ་དང་རང་དབང་སྲུང་སྐྱོབ་ཀྱི་ཆེད་དུ་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་ཞེས་གསུངས།

དེ་བཞིན་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་ཀྱང་། ༢༠༡༩ལོའི་ཟླ་༦་ཚེས་༢༡་ཉིན། བོད་རང་དབང་སློབ་ཕྲུག་ཚོགས་པས་རྡ་སར་ཧོང་ཀོང་ནང་དུ་བྱུང་བའི་ངོ་རྒོལ་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། དེ་ནས་༢༠༡༩ལོའི་ཟླ་༨་ཚེས་༢༠་ཉིན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རྡ་སར་ཧོང་ཀོང་ནང་དུ་འབྱུང་བཞིན་པའི་ངོ་རྒོལ་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད། དེའི་རྗེས། ༢༠༡༩ལོའི་ཟླ་༨་ཚེས་༣༠་ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་ཧོང་ཀོང་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་ཆེད་ལྡི་ལིར་ཞི་བའི་གོམས་འགྲོ་དང་མར་མེའི་ཁྲོམ་སྐོར་ཀྱི་ལས་འགུལ་སྤེལ་ཡོད། དེ་བཞིན་༢༠༡༩ལོའི་ཟླ་༨་ཚེས་༣༡་ཉིན། དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་ས་གནས་མང་པོའི་ནང་དུ། ཧོང་ཀོང་ནང་དུ་འབྱུང་བཞིན་པའི་ངོ་རྒོལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་རྔམ་སྟོན་ཁྲོམ་གྱི་ལས་འགུལ་སྤེལ་ཡོད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།