19
Fri, Apr

༢༠༡༩ལོའི་ཟླ་༧་ཚེས་༢༩་ཉིན། ཧོང་ཀོང་དང་ཨོ་མིན་མཛའ་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་(Yang Guang)་ཡིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧་ཚེས་༢༩་ཉིན། ཧོང་ཀོང་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱུང་བའི་ཐོག རྒྱ་གཞུང་གིས་དངོས་སུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། ཧོང་ཀོང་གི་ངོ་རྒོལ་ནི་ནག་ཉེས་ཅན་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པ་མ་ཟད། ཧོང་ཀོང་གི་མཚན་སྙན་དང་བདེ་འཇགས་ལའང་གནོད་སྐྱོན་བྱས་ཡོད་པའི་སྐྱོན་འཛུགས་བྱས་འདུག

དེ་ཡང་། གོང་ཚེས་ཉིན། པེ་ཅིང་དུ་ཧོང་ཀོང་དང་ཨོ་མིན་མཛའ་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་(Yang Guang)་ཡིས། ཉེ་ཆར་ཧོང་ཀོང་ནང་བྱུང་དང་འབྱུང་བཞིན་པའི་ངོ་རྒོལ་ཐོག་ལ་རྒྱ་གཞུང་གིས་ལན་འདེབས་ཚུལ་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། ཁོས་ཧོང་ཀོང་གི་ངོ་རྒོལ་ནི་ནག་ཉེས་ཅན་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པ་མ་ཟད། ཧོང་ཀོང་མི་མང་གི་བདེ་འཇགས་དང་དཔལ་འབྱོར་ལའང་རྡབ་གསིག་བཏང་ཡོད་པའི་སྐྱོན་འཛུགས་བྱས་འདུག

ད་དུང་། ཁོས་ཧོང་ཀོང་ནང་གི་མི་མང་ཚོས་རྒྱ་ནག་ནང་གི་ཁྲིམས་ལུགས་ལ་གོ་རྟོགས་དེ་ཙམ་མེད་པ་དང་། རྒྱ་གཞུང་གིས་བཅོས་བསྒྱུར་གྱི་ཁྲིམས་འཆར་(ཉེས་ཅན་རྩིས་སྤྲོད)་བཏོན་སྐབས། དེའི་ཐོག་ལ་དོགས་པ་བྱེད་ཡོད་སྲིད། དེར་བརྟེན། ཧོང་ཀོང་ནང་མི་ཁག་ཅིག་དང་བརྒྱུད་ལམ་ཁག་གིས་གོ་སྐབས་དེ་བཟུང་ནས་ཀུན་སློང་གཞན་འཁྱེར་ནས་དཀྲོགས་གཏམ་སྤེལ་བ་དང་། མང་ཚོགས་ལ་ཟིང་ཆ་སློང་བ། དེ་བཞིན་ཁྲིམས་འཆར་དེ་འགོག་ཐབས་བྱས་ཡོད་ཅེས་སྐྱོན་བརྗོད་ཀྱི་ཚུལ་དུ་བརྗོད་འདུག

ཁོས་མུ་མཐུད་ནས་བརྗོད་དོན། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་པ་དང་ཉེན་རྟོག་པ་ལ་རྒྱ་ནག་ཕྱོགས་ནས་རྒྱབ་སྐྱོར་ཡོད་པ་མ་ཟད། ཉེན་རྟོག་པ་ཚོས་ངོ་རྒོལ་བ་ཚོར་དྲག་པོས་རྒོལ་ལན་བྱས་པར་བསྔགས་བརྗོད་ཀྱང་བྱས་འདུག

ཧོང་ཀོང་ནི་རྒྱ་ནག་གི་ཧོང་ཀོང་ཡིན། ཧོང་ཀོང་གི་གནད་དོན་ནི་རྒྱ་ནག་ནང་གི་གནད་དོན་ཡིན་ཞེས་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་ནི་ཧོང་ཀོང་ཐོག་འཛིན་སྐྱོང་བྱེད་པའི་སྲིད་ཇུས་ཁོ་ན་ཡིན། ཞེས་ཁོས་བརྗོད་འདུག

འོན་ཀྱང་། ཧོང་ཀོང་ནང་གི་མི་མང་དང་། ལྷག་པར་དུ། གཞོན་སྐྱེས་ཚོར་མངོན་འདོད་གང་ཡོད་སྐོར་ཅི་ཡང་འགྲེལ་བརྗོད་བྱས་མེད་པ་དང་། དེ་བཞིན་ཧོང་ཀོང་གི་ངོ་རྒོལ་བ་ཚོའི་དགོས་འདུན་བཏོན་པའི་སྐོར་ལའང་གང་ཡང་བཤད་མེད་པ་རེད།

ཧོང་ཀོང་གི་སྤྱི་མང་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་(the Civil Human Rights Front)་འགོ་ཁྲིད་ཇི་མེ་ཞམ་(Jimmy Shum)་གྱིས། རྒྱ་གཞུང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནི་བློ་ཕམ་ཅན་ཞིག་རེད་ཅེས་དང་། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གོ་གནས་ནས་མར་སྤོར་བཅུག་མེད་པ་རེད། དེ་ནི་ཧོང་ཀོང་མི་མང་གི་སྐར་མ་༤༠(རྒྱ་གཞུང་གི་གསལ་བསྒྲགས་སྤེལ་བའི་དུས་ཚོད)་ཡི་དུས་ཚོད་འཕྲོག་བརླག་བཏང་སོང་ཞེས་བརྗོད་འདུག