19
Fri, Apr

༢༠༡༩ལོའི་ཟླ་༧་ཚེས་༢༡་ཉིན། ཧོང་ཀོང་གི་ཉེན་རྟོག་པས་མི་མང་ངོ་རྒོལ་བ་ཚོར་མིག་ཆུ་དུག་རླུངས་གཏོར་བཞིན་པ། པར། དྲ་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧་ཚེས་༢༡་ཉིན། ཧོང་ཀོང་ནང་དུ་གཟའ་ཉི་མར་ཁྲོམ་སྐོར་བྱེད་མཁན་དང་། མི་མང་། གསར་འགོད་པ་བཅས་ལ་མི་ཤོག་ཁག་ཅིག་གིས་རྒྱུག་པས་གཅར་རྡུང་བྱས་ཡོད་ཅིང་། དེའི་ཁྲོད་མི་༤༥་ལ་རྨས་སྐྱོན་ཕོགས་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་འདུག གཞན་ཡང་ཉེས་རྟོག་པས་ཀྱང་ངོ་རྒོལ་ཚོར་མིག་ཆུ་དུག་རླུངས་དང་འགྱིག་མདེའུ་བརྒྱབས་ཡོད་པའང་གསལ་འདུག

དེ་ཡང་། རྒྱལ་སྤྱིའི་བརྒྱུད་ལམ་ཁང་ནས་གནས་ཚུལ་སྤེལ་བར་ལྟར་ན། ཧོང་ཀོང་ནང་དེའི་སྔོན་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་ཡོད་པ་དང་། དེའི་རྗེས་སུ་ངོ་རྒོལ་བ་ཚོས་བདུན་རེའི་གཟའ་ཉི་མ་ཉིན་ལ་རྟག་པར་ངོ་རྒོལ་བྱེད་དུ་ཡོང་གི་ཡོད་པ་རེད།

འོན་ཀྱང་། ཟླ་འདིའི་ཚེས་༢༡་ཉིན་གྱི་དགོང་མོར། ཧོང་ཀོང་བྱང་ཕྱོགས་སུ་ཡོད་པའི་ཡུན་ལོན་མེ་འཁོར་འབབ་ཚུགས་ལ། གློ་བུར་དུ་སྟོད་གོས་དཀར་པོ་དང་ཁ་རས་གྱོན་པའི་མི་ཤོག་ཁག་ཅིག་ཡོང་ནས། གྱོན་ཆས་ནག་པོ་གྱོན་པའི་ངོ་རྒོལ་བ་ཚོ་དང་། ལམ་འགྲོ་བ། མི་མང་། དེ་བཞིན་གསར་འགོད་པ་བཅས་ལ་ལྕགས་དང་ཤིང་གི་རྒྱུག་པས་གཅར་རྡུང་བྱས་ཡོད་འདུག དེའི་ཁྲོད་མི་༤༥་ལ་རྨས་སྐྱོན་ཕོགས་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་འདུག

མེ་འཁོར་འབབ་ཚུགས་དེར་མི་མང་ལ་གཅར་རྡུང་བྱེད་སྐབས། ཉེན་རྟོག་པས་བར་འདུམ་བྱེད་པར་རྗེས་ལུས་ཐེབས་ཡོད་སྟབས། དེའི་ཐོག་ལ་མི་མང་ཚོས་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག དེ་ཡང་། ངོ་རྒོལ་བ་ཞིག་གིས་ཁོ་ཚོར་གཅར་རྡུང་བྱེད་མཁན་དང་ཉེན་རྟོག་པའི་བར་འབྲེལ་བ་ཡོད་པ་དང་། གཅར་རྡུང་བྱེད་མཁན་ཚོ་གཅིག་ཀྱང་འཛིན་བཟུང་བྱས་མེད་པར་བརྗོད་འདུག

བརྙན་ཐུང་ཞིག་གི་ནང་། ཤོག་ཁག་དེ་ནི་རྒྱ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པར་བརྗོད་མཁན་ཡང་འདུག མི་མང་ལ་གཅར་རྡུང་བྱས་རྗེས། རྒྱུན་དུ་རྒྱ་གཞུང་ལ་རྒྱབ་སྐྱོར་དང་དེའི་སྔོན་ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་གི་ཁྲིམས་བཟོ་བ་ཇུ་ནེ་སུ་ཧོ་ཡིས་གཅར་རྡུང་བྱེད་མཁན་ཤོག་ཁག་གི་མི་ཚོར་ལག་འཇུས་བྱས་ཏེ། ཁོ་ཚོས་ཡག་པོ་བྱས་སོང་བའི་རྣམ་འགྱུར་བསྟན་ནས་མཐེ་བོ་ཀེར་ཡོད་པ་དང་། ཁྱོད་ཚོ་ནི་ང་ཡི་དཔའ་བོ་ཡིན་ཞེས་བརྗོད་པར་བརྒྱུད་ལམ་ཁག་ནས་གསལ་འདུག

དེ་ཡང་། ཧོང་ཀོང་ནང་དུ་རྔམ་སྟོན་ཁྲོམ་སྐོར་གྱི་གོ་སྒྲིག་པས་གཟའ་ཉི་མའི་ཁྲོམ་སྐོར་ནི་ཞི་བའི་ལུས་འགུལ་ཞིག་ལ་གོ་སྒྲིག་བྱས་ཡོད་པ་དང་། མི་མང་༤༠༠༠༠༠་འཛུལ་ཞུགས་བྱས་ཡོད་པར་ཚོད་དཔག་བྱས་འདུག འོན་ཀྱང་། ཉེན་རྟོག་པ་ངོས་ནས་མི་མང་༡༣༨༠༠༠་ལས་ཁྲོམ་སྐོར་ནང་འཛུལ་ཞུགས་བྱས་མེད་པར་བརྗོད་འདུག

ངོ་རྒོལ་བ་ཚོས་གྱོན་ཆས་ནག་པོ་གྱོན་ནས། ཧོང་ཀོང་ལ་རང་དབང་དགོས་ཞེས་པའི་འབོད་སྒྲ་སྒྲོག་བཞིན་གྲོང་ཁྱེར་བརྒྱུད་ནས་ཁྲོམ་སྐོར་བྱས་ཡོད་འདུག

དེ་ནས་ངོ་རྒོལ་བ་ཚོས་ཉེན་རྟོག་པའི་བཀའ་རྒྱ་ལ་བརྩི་འཇོག་མ་བྱས་པར་རྒྱ་གཞུང་གི་ལས་ཁུངས་ཡོད་སར་ངོ་རྒོལ་བྱེད་དུ་འགྲོ་སྐབས། ཁོ་ཚོར་ཉེན་རྟོག་པས་མིག་ཆུ་དུག་རླུངས་དང་འགྱིག་མདེའུ་བརྒྱབས་ཡོད་པར་སེ་ཨན་ཨན་གསར་ཁང་ནས་སྤེལ་འདུག

དེའི་རྗེས། རྒྱ་གཞུང་གསར་ཁང་ཁག་གིས་ཧོང་ཀོང་ནང་འབྱུང་བཞིན་པའི་ངོ་རྒོལ་ནི་ཆབ་སྲིད་དབང་འཛིན་འདོད་མཁན་གྱི་མི་ཁ་ཤས་ཤིག་གིས་གོ་སྒྲིག་བྱས་པ་ཡིན་པར་བརྗོད་བཞིན་འདུག

གཞན་ཡང་། ཧོང་ཀོང་ནང་དུ་ཁྲོམ་སྐོར་གོ་སྒྲིག་བྱེད་མཁན་སྤྱི་མང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། ཐེངས་འདིའི་ཉེན་རྟོག་པའི་བྱ་འགུལ་ལ་རང་དབང་ལྡན་པའི་སྒོ་ནས་བརྟག་དཔྱད་ལེགས་པོ་བྱེད་དགོས་པ་དང་། དེའི་སྔོན་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་ནས་འཛིན་བཟུང་བྱེད་མཁན་རྣམས་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག ཅེས་སེ་ཨན་ཨན་གསར་ཁང་ནས་སྤེལ་འདུག