19
Fri, Apr

༢༠༡༩ལོའི་ཟླ་༦་ཚེས་༩་ཉིན། ཧོང་ཀོང་མི་མང་གིས་རྒྱ་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༦་པའི་ཚེས་༩ཉིན། ཧོང་ཀོང་གི་སྲང་ལམ་ཁག་ཏུ་མི་མང་ས་ཡ་གཅིག་ལྷག་གིས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག དེ་ལྟར་ལས་འགུལ་སྤེལ་དོན་ནི། རྒྱ་གཞུང་གིས་ཉེས་ཅན་ཕྱིར་རྩིས་སྤྲོད་བྱེད་དགོས་པའི་གྲོས་འཆར་ཤིག་བཟོ་བཞིན་ཡོད་པ་དེར་ངོ་རྒོལ་བྱེད་ཆེད་དང་། ད་དུང་དེ་སྔོན་ཙམ་ཞིག་ཏུ་ཧོང་ཀོང་མང་གཙོ་དོན་གཉེར་བ་ཁག་ཅིག་ལ་རྒྱ་གཞུང་གིས་ཁྲིམས་ཐག་བཅད་ཡོད་པ་དེར་ངོ་རྒོལ་བྱེད་ཆེད་ཀྱང་ཡིན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞི་རྒོལ་དེ་ནི་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་། ཁོ་ཚོས་འགྲེལ་བརྗོད་བྱས་པར་ལྟར་ན། ངོ་རྒོལ་གྱི་ལུས་འགུལ་དེའི་ནང་ལ་མི་མང་ས་ཡ་གཅིག་ལྷག་འཛུལ་ཞུགས་བྱས་ཡོད་པར་བརྗོད་ཅིང་། ཧོང་ཀོང་གཞུང་ནས་མི་མང་ས་ཡ་གཉིས་ལྷག་ཙམ་འཛུལ་ཞུགས་བྱས་ཡོད་པར་བརྗོད་འདུག

ངོ་རྒོལ་དེའི་འབྱུང་གཞི་ནི་ཉེ་ཆར་རྒྱ་གཞུང་གིས་རྒྱ་ནག་ནང་དང་། ཧོང་ཀོང་། ཐེ་ཝན། ཨོ་མུན་བཅས་ལ་ཉེས་ཅན་ཕྱིར་རྩིས་སྤྲོད་བྱེད་དགོས་པའི་གྲོས་འཆར་ཤིག་བཟོ་བཞིན་ཡོད་པ་དང་། དེ་ནི་གསར་འགོད་པ་དང་། མང་གཙོ་དོན་གཉེར་བ། ཕྱི་རྒྱལ་ཚོང་པ་བཅས་རྒྱ་ནག་ལ་རྩིས་སྤྲོད་བྱེད་རྒྱུའི་གྲོས་འཆར་ཤིག་ཡིན་པར་མ་ཟད། ཧོང་ཀོང་མི་མང་གི་སྨྲ་བརྗོད་རང་དབང་འགོག་པའི་གྲོས་འཆར་ཤིག་ཀྱང་ཡིན་པའི་རྐྱེན་གྱིས་ངོ་རྒོལ་བྱས་ཡོད་འདུག གྲོས་འཆར་དེ་ད་དུང་ཁྲིམས་སུ་ཆགས་མེད་པ་དང་། དེ་ནི་ཁྲིམས་སུ་མི་ཆགས་པའི་ཆེད་དུ་མི་མང་ཚོས་དེར་ངོ་རྒོལ་བྱས་འདུག

ངོ་རྒོལ་གྱི་ལས་འགུལ་དེའི་ནང་དུ་དགེ་རྒན་ཞིག་དང་། ཁོའི་བཟའ་ཟླ། བུ་མོ་བཅས་འཛུལ་ཞུགས་བྱས་ཡོད་པ་དང་། ཁོས་བརྗོད་དོན། ངོ་རྒོལ་ནང་འཛུལ་ཞུགས་བྱེད་པ་ནི་ངའི་ཁོ་ནའི་ཆེད་དུ་མིན་པར། ངས་རང་ཉིད་ཀྱི་བུ་མོར་སྲུང་སྐྱོབ་བྱེད་པའི་ཆེད་དུ་སླེབས་ཡིན། གལ་སྲིད་གྲོས་འཆར་དེ་ཁྲིམས་ལ་གྱུར་ནས་ལག་བསྟར་བྱས་པ་ཡིན་ན། མི་སུ་ཡང་ཧོང་ཀོང་ནས་བརླག་འགྲོ་སྲིད་པ་རེད། ང་ཚོས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་ཤེས་བསྡད་ཡོད། རྒྱ་ནག་ནང་སུར་ཡང་དྲང་བདེན་ཐོབ་མི་སྲིད།

གྲོས་འཆར་དེ་ནི་༢༠༡༨ལོའི་ཟླ་༢་པའི་ནང་། ལོ་ན་༡༩་ཡིན་པའི་ཧོང་ཀོང་གི་སྐྱེས་པ་ཞིག་གིས་ཁོ་རང་གི་མཛའ་མོ་དང་ལྷན་དུ་ཐེ་ཝན་དུ་སྤྲོ་འཆམ་ལ་སྐྱོད་སྐབས། སྐྱེས་པ་དེས་སྦྲུམ་མར་གྱུར་བའི་རང་གི་མཛའ་མོ་བསད་རྗེས་ཧོང་ཀོང་དུ་བྲོས་ཡོད་འདུག རྒྱལ་ཁབ་གཉིས་བར་ཉེས་ཅན་ཕྱིར་རྩིས་སྤྲོད་བྱེད་དགོས་པའི་ཁྲིམས་མེད་པར་བརྟེན། ཁོ་ཕྱིར་ཐེ་ཝན་ལ་རྩིས་སྤྲོད་བྱེད་ཐུབ་མེད་པ་རེད།

ཉེས་ཅན་ཕྱིར་རྩིས་སྤྲོད་བྱེད་དགོས་པའི་ཁྲིམས་དེས་རྒྱ་གཞུང་གི་དབང་འཛིན་ཚོར། རྒྱ་ནག་དང་། ཐེ་ཝན། ཨོ་མུན་བཅས་ལ་ཉེས་ཅན་ཕྱིར་རྩིས་སྤྲོད་བྱེད་དགོས་པའི་ཐོབ་ཐང་སྤྲོད་ཀྱི་ཡོད་འདུག དེ་ཡང་ཉེས་ཅན་ནི་མི་གསོད་མཁན་དང་བཙན་གཡེམ་གཏོང་མཁན་སོགས་ཡིན་འདུག

ཧོང་ཀོང་ནང་བྱུང་བའི་ངོ་རྒོལ་ནི་ཞི་བའི་ངོ་རྒོལ་ཡིན་རུང་། ངོ་རྒོལ་བ་དང་ཉེན་རྟོག་པ་བར་འཁྲུག་རྩོད་བྱུང་ནས་ངོ་རྒོལ་བྱེད་མཁན་ཁ་ཤས་ཤིག་རྨས་ཡོད་འདུག ངོ་རྒོལ་ནང་འཛུལ་ཞུགས་མཁན་མང་ཤོས་ནི་གཞོན་སྐྱེས་ཡིན་འདུག་པ་དང་། གྲོས་འཆར་དེ་གྲོས་ཚོགས་སུ་མ་སྤྲོད་བར་དུ། ངོ་རྒོལ་མུ་མཐུད་ནས་བྱེད་རྒྱུ་ཡིན་འདུག