24
Thu, Oct

ཡུ་གུར་བའི་རང་དབང་རྩོད་ལེན་པ་ཞིག་གིས་རང་གིོ་ངོ་གདོང་ཡུ་གུར་བའི་རྒྱལ་དར་གཡོག་ནས་རྒྱ་དམར་ལ་ངོ་རྒོལ་བྱེད་བཞིན་པ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༥པའི་ཚེས་༩ཉིན་སྤེལ། ཉེ་ཆར། ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་པས་༢༠༡༩ལོའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་སྙན་ཐོ་ཞིག་བཏོན་པ་ལྟར་ན། རྒྱ་གཞུང་གིས་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་འཆར་གཞི་དང་ལྡན་པའི་སྒོ་ནས་རྡོག་རོལ་དང་དམ་དྲག་ཚབས་ཆེན་བཏང་དང་གཏོང་གི་ཡོད་སྟབས། རྒྱ་ནག་ནང་གི་ཆོས་ལུགས་དད་མོས་རང་དབང་གི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་སྐོར་བརྗོད་འདུག

དེ་ཡང་། སྙན་ཐོ་དེར་བཀོད་པ་ལྟར་ན། རྒྱ་གཞུང་གིས་མུ་མཐུད་ནས་ཁ་ཆེ་ཆོས་ལུགས་དང་། བོད་བརྒྱུད་ནང་བསྟན། ཡེ་ཤུ་ཆོས་ལུགས། ད་དུང་རྩ་རླུང་ཆོས་འཁོར་བཅས་ཀྱི་རང་དབང་གི་ཐད་ལ་མུ་མཐུད་ནས་གཉའ་གནོན་དང་། བརྩི་མེད། དམ་དྲག ལྟ་རྟོག་བཅས་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་༢༠༡༧ ནས་བཟུང་། ཡུ་གུར་བ་དང་། ཁ་ཆེ་བའི་མི་གྲངས་ཁྲི་༨༠ ནས་༢༠༠་བར་འཛིན་བཟུང་བཀག་ཉར་བྱས་འདུག་ཅིང་། ཡེ་ཤུའི་ལྷ་ཁང་བརྒྱ་ལྷག་བཙན་གྱིས་སྒོ་བརྒྱབ་ཡོད་པ་དང་། ཡེ་ཤུ་བ་༥༠༠༠ དང་ཆོས་ཚོགས་ཀྱི་མགོ་ཁྲིད་༡༠༠༠ བཅས་ཀྱང་བཀག་ཉར་དང་སུན་གཙེར་བྱས་ཡོད་འདུག གཞན་ཡང་། གནམ་བདག་ཆོས་ལུགས་ཀྱི་ཕྱོགས་ནས། རྒྱ་གྲམ་ཤིང་ལ་གཏོང་བརླག་དང་དམ་པའི་གསུང་རབ་དང་ཆོས་ལུགས་ཀྱི་དངོས་རྫས་གཞན་བཅས་བཀག་སྡོམ། ཆོས་ལུགས་ཀྱི་བྱ་འགུལ་ལ་དོ་ཕོག་དང་བར་ཆད་སོགས་བྱས་ཡོད་འདུག

ལོ་འདི་དག་གི་རིང་ལ་བོད་བརྒྱུད་ནང་བསྟན་རྒྱ་ནག་ལ་དར་རྒྱུགས་ཤིན་ཏུ་ཆེ་ཞིང་། རྒྱ་ནག་པ་མང་པོ་ཞིག་གིས་ཀྱང་བོད་ཀྱི་བླ་མ་ཚོའི་སྐུ་མདུན་ནས་ཆོས་ཞུས་ཏེ། སེམས་ཀྱི་བདེ་སྐྱིད་དང་དད་པའི་སྟོབས་འཕེལ་གྱིན་ཡོད། དེར་བརྟེན། སྙན་ཐོ་དེར་བཀོད་པ་ལྟར། རྒྱ་གཞུང་བློ་མ་བདེ་བར་གྱུར་ཏེ། ཕྱོགས་གང་ཐད་དང་ཐབས་སྣ་ཚོགས་ཀྱི་སྒོ་ནས་བོད་བརྒྱུད་ནང་བསྟན་ལ་གཉའ་གནོན་དང་དམ་དྲག་ཤུགས་ཆེན་བྱས་དང་བྱེད་ཀྱིན་ཡོད་ཅིང་།ཁྱད་པར་དུ་མ་ནིང་གི་ཟླ་བ་གསུམ་པ་ནས་བཟུང་སྟེ། ཆོས་དོན་ལས་རིགས་ཀྱི་འགན་དབང་དེ་རྒྱལ་ཁབ་ཀྱི་ཆོས་དོན་ལས་ཁུངས་ནས་ཐབས་ཕྱོགས་གཅིག་གྱུར་སྡེ་ཁག་ཏུ་རྩིས་སྤྲད་དེ། སྔར་ལས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་དང་ལྟ་རྟོག་བྱེད་དགོས་པའི་བཀའ་བསྒྲགས་ཡོད་འདུག

དེ་ནས་རྒྱ་གཞུང་གིས་བོད་ཁུལ་ཡོངས་ཀྱི་དགོན་པ་དང་ནང་ཆོས་སློབ་གཉེར་གནང་སའི་དེང་གི་སློབ་གཉེར་ཁང་སོགས་ལ་དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་ཀྱིན་ཡོད་པར་མ་ཟད། ཆོས་ལུགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་སྤེལ་ཁག་ལའང་དམ་དྲག་བྱེད་ཀྱིན་ཡོད་འདུག དཔེར་ན། མ་ནིང་ཟླ་༡༢ནང་དུ། མཚོ་སྔོན་ཞིང་ཆེན་ནས་རྒྱ་གཞུང་གིས་ཆོས་ཕྱོགས་དང་འབྲེལ་བའི་བྱིས་པའི་བསླབ་གཞི་ཞིག་བཀག་སྡོན་བྱས་ཡོད་འདུག དེའི་སྔོན་དུ་ལྷ་ས་ནས་དེ་ལྟར་བཀག་སྡོམ་བྱས་ཡོད་འདུག

ཡང་སྙན་ཐོ་དེར་རྒྱ་གཞུང་གིས་ཏཱ་ལའི་བླ་མ་ནི “ཁ་བྲལ་རིང་ལུགས” ལ་སྐུལ་མ་བྱེད་མཁན་རེད་ཅེས་སྐྱོན་བརྗོད་ཀྱི་ཡོད་པར་མ་ཟད། “ཁ་བྲལ་རིང་ལུགས”ཀྱི་ལུས་འགུལ་ལ་ཞུགས་མཁན་རྣམས་ལ་རྡུང་རྡེག་གཏོང་གི་ཡོད་པའི་སྐོར་དང་། ད་དུང་དགོན་པ་ཁག་ནས་ཏཱ་ལའི་བླ་མར་སྐྱོན་བརྗོད་བྱེད་རྒྱུ་ཁས་མི་ལེན་མཁན་དང་། རྒྱ་གཞུང་ལ་བློ་དཀར་བའི་གྲྭ་བཙུན་ཚོའི་ཁར་མ་ཉན་ཚེ། ཁ་ཤས་དགོན་པ་ནས་ཕྱིར་ཕུད་གཏོང་གི་ཡོད་པ་དང་། ཁ་ཤས་ལ་ཉེས་རྡུང་དང་ཐ་ན་བཙོན་འཇུག་ཀྱང་བྱེད་ཀྱི་ཡོད་སྐོར་བཅས་ཀྱི་གནས་ཚུལ་ཡང་བཀོད་ཡོད་འདུག

རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེས་བོད་ནང་གི་ཆོས་དད་རང་དབང་གི་ཐད་ལ་འདི་ལྟར་བརྗོད་དོན། རྒྱ་ནག་ཏུ་ཆོས་དད་རང་དབང་གི་མིང་ཙམ་མ་གཏོགས་དོན་ངོ་མའི་ཆོས་དད་རང་དབང་མི་འདུག རྒྱ་གཞུང་གིས་ཆོས་ལུགས་རྒྱ་སྒྱུར་ནི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་བཟུང་ཡོད་པ་དང་། བོད་དང་ཡུ་གུར་བ་ནི་ཆོས་དད་རང་དབང་མེད་མཁན་ཆེས་སྡུག་ཤོས་དེ་རེད། ད་དུང་དགོད་བྲོ་བ་ལ་ཞིག་ལ། རྒྱ་གཞུང་གིས་བོད་ཀྱི་བླ་མའི་ཡང་སྲིད་ལམ་ལུགས་ཀྱི་ཐད་ལ་ཐེ་གཏོགས་བྱེད་ཀྱིན་ཡོད་པ་དེ་རེད། དེ་ནི་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་སྤྱོད་བསམས་པ་ཁོ་ན་རེད།

ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་པས་༢༠༡༩ལོའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་སྙན་ཐོ་བཏོན་པ་དེའི་ཐད་ལ་རྒྱ་ནག་གི་ཕྱོགས་ནས་འདི་ལྟར་ལན་འདེབས་བྱས་ཡོད་འདུག་སྟེ། དེས་རྒྱ་ནག་གི་ཆོས་ལུགས་སྲིད་ཇུས་ལ་གཏོར་བརླག་བྱས་འདུག་ལ། ཨ་རི་ཡིས་གནས་ཚུལ་ངོ་མ་གང་ཡིན་པ་དེར་བརྩི་བཀུར་བྱེད་རོགས། གནས་ཚུལ་དེ་དག་སྤེལ་མཚམས་འཇོག་དགོས་པ་དང་། ཆོས་ལུགས་ཀྱི་གནད་དོན་ཁ་ལ་ཁྱེར་ཏེ་རྒྱ་ནག་ལ་ཐེ་གཏོགས་མ་བྱེད། ཅེས་བརྗོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།