20
Sat, Apr

རྒྱ་གར་སློབ་མ་བཅུ་དགུ་རྒྱུགས་འབྲས་ཀྱི་རྐྱེན་པས་ལྕེབས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༥་ཚེས་༡ཉིན་སྤེལ། ཉེ་ཆར་རྒྱ་གར་མངའ་སྡེ་ཏེ་ལན་གྷ་ཎ་ནང་དུ་གཞུང་ནས་འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཟླ་༤་ཚེས་༡༨ ཉིན་གསལ་བསྒྲགས་བྱས་པ་ནས་བཟུང་། ཉིན་རེར་སློབ་ཕྲུག་གཉིས་དང་གསུམ་གྱིས་རང་སྲོག་གཅོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་། གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་མངའ་སྡེ་ཏེ་ལན་གྷ་ཎ་(Telangana)ནང་དུ་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ཕ་མ་བརྒྱ་ཕྲག་ཁ་ཤས་ཤིག་གིས་གཞུང་གིས་རྒྱུགས་ཤོག་ལ་བརྟག་དཔྱད་བྱེད་སྟངས་དེར་ངོ་རྒོལ་བྱས་འདུག ཁོ་ཚོས་བརྗོད་ན། རྒྱུགས་ཤོག་ཐོག་དྲང་བདེན་མིན་པའི་སྐར་མ་སྤྲད་པ་དང་། སློབ་ཕྲུག་མང་པོ་ཞིག་གིས་ཡིག་རྒྱུགས་འཕྲོད་མི་འདུག མཐོ་སློབ་མང་ཤོས་ཤིག་གིས་ཡིག་རྒྱུགས་བརྒྱ་ཆ་གཞི་བཟུང་ནས་སློབ་འཇུག་བྱེད་ཀྱི་ཡོད་ཅེས་བརྗོད་འདུག་ལ། གཞན་ཡང་སློབ་མ་ཁ་ཤས་ཤིག་གིས་བརྗོད་དོན། ཁོ་ཚོ་ཡིག་རྒྱུགས་གཏོང་དུ་སླེབས་ཡོད་རུང་། སླེབས་མེད་པའི་ཐོ་དང་། ཡང་ན་ཀླད་ཀོར་བརྒྱབ་འདུག་ཅེས་སྐྱོན་བརྗོད་བྱས་འདུག

ཕ་མ་ཚོས་ཀྱང་མངའ་སྡེ་དེའི་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་དང་མངའ་སྡེ་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། ཁོ་ཚོ་ནི་ཡིག་རྒྱུགས་ལ་བརྟག་དཔྱད་བྱེད་མཁན་ཡིན་པས་ཁོ་ཚོར་འགན་ཡོད་ཅེས་བརྗོད་འདུག

ས་གནས་ཉེན་རྟོག་པས་བརྗོད་དོན། རང་སྲོག་གཅོད་དགོས་པའི་བྱ་སྤྱོད་དེ་འདྲ་ཚད་ལས་བརྒལ་པ་བྱེད་དགོས་མ་རེད། ཡིག་རྒྱུགས་བརྟག་དཔྱད་ལ་ནོར་འཁྲུལ་བྱུང་བ་ཡིན་ན། དེ་ཚོར་བརྟག་དཔྱད་དང་ལེགས་བཅོས་བྱེད་ཆོག་གི་རེད་ཅེས་བརྗོད་འདུག གཞན་ཡང་། མཁས་པ་ཚོས་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་སྐྱོ་བོ་ཡོད་པ་དང་། སློབ་མ་ཚོས་ཡིག་རྒྱུགས་འཕྲོད་པ་ཁོ་ན་མིན་པ་སྐར་གྲངས་ཀྱང་མཐོ་བོ་ལེན་དགོས་པའི་གནོན་ཤུགས་ཧ་ཅང་ཆེན་པོ་སྤྲོད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་འདུག

རྒྱ་གར་མངའ་སྡེ་ཏེ་ལན་གྷ་ཎ་གཞུང་གི་ལས་བྱེད་ཞིག་གིས་གལ་སྲིད་ཡིག་རྒྱུགས་གྲུབ་འབྲས་མི་མཐུན་པ་བྱུང་ན་ཕ་མ་ཚོས་ཤེས་ཡོན་སྡེ་ཚན་ལ་ཞུ་གཏུགས་བྱེད་དགོས་རེད། ཁོ་ཚོས་ལེགས་བཅོས་བྱ་ངེས་རེད་དང་། ཁོ་ཚོས་གང་ཐུབ་ཐུབ་དེའི་སྐོར་གོ་རྟོགས་སྤེལ་གྱི་ཡོད་རུང་། གཞུང་ནས་འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཟླ་༤་ཚེས་༡༨ ཉིན་གསལ་བསྒྲགས་བྱས་པ་ནས་བཟུང་། ཉིན་རེར་སློབ་ཕྲུག་གཉིས་དང་གསུམ་གྱིས་རང་སྲོག་གཅོད་ཀྱིས་ཡོད་པའི་གནས་ཚུལ་དེ་འདྲ་ད་དུང་བྱུང་གི་འདུག་ཅེས་འགྲེལ་བརྗོད་བྱས་འདུག