19
Fri, Apr

རྒྱ་གཞུང་གིས་སློབ་ཕྲུག་ཚོར་དམར་ཕྱོགས་ལྟ་གྲུབ་སྦྱོང་སའི་མཉེན་ཆས་བཟོས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༤་ཚེས་༩ཉིན། རྒྱ་གཞུང་གིས་ཉེ་ཆར་སྔོན་འགྲོ་དང་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་ཚོར་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་དང་དམར་ཕྱོགས་ཚོགས་པར་ཡིད་ཆེས་སླེབས་ཆེད་མཉེན་ཆས་དང་དྲ་རྒྱ་སྒོ་འབྱེད་བྱས་ཡོད་པར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་བཞིན་འདུག དེ་བཞིན་ཨ་རི་བྱིས་པ་ཚོ་རྩེད་མོར་མགོ་འཁོར་ནས་ཡོད་སྐབས། རྒྱ་མིའི་བྱིས་པ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་སྦྱོང་བཞིན་ཡོད་པར་ཕྱི་རྒྱལ་བ་ཚོས་སེམས་འཚབ་ཀྱི་རྣམ་འགྱུར་སྟོན་གྱི་འདུག

དེ་ཡང་། རྒྱ་གཞུང་གིས་མཉེན་ཆས་དང་དྲ་རྒྱ་བརྒྱུད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་གསར་པ་དར་སྤེལ་བྱེད་ཀྱི་ཡོད་པ་དང་། དེའི་དམིགས་ཡུལ་ནི་གཞོན་སྐྱེས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་རྗེས་འཇུག་པ་ཡང་དག་པ་ཞིག་ཏུ་འགྱུར་ཆེད་ཡིན་པར་བརྗོད་འདུག

དེ་ཡང་། མཉེན་ཆས་དེའི “ང་རྒྱ་མི་ཡིན།" ཞེས་པའི་སློབ་ཚན་ནང་དུ། གཞོན་སྐྱེས་ཚོར་རྒྱ་ནག་ནང་དུ་ཡོད་པའི་“མི་རིགས་༥༦་རྣམས་འཆམ་མཐུན་ངང་གནས་པའི་སྐོར་དང་། འབྱོར་ཕྱུག་ལྡན་པའི་སྤྱི་ཚོགས་བསྐྲུན་དགོས་པའི་སྐོར་བཀོད་ཡོད་འདུག་ལ། ད་དུང་“ཞི་སྤོ་སྤོ་ཡིས་ང་ཚོ་དུས་རབས་གསར་པའི་ནང་དུ་ཁྲིད་ཡོད།” ཅེས་པའི་སློབ་ཚན་གཞན་ཞིག་ཀྱང་ཡོད་འདུག

རྒྱ་གཞུང་གི་ཤེས་ཡོན་བློན་ཆེན་གྱིས་ལོ་འདིའི་ཟླ་དང་པོའི་ནང་རྒྱ་མི་རྣམས་ལ་རྒྱལ་གཅེས་ཀྱི་བསམ་བློ་སླེབས་ཆེད་མཉེན་ཆས་འདི་སྒོ་འབྱེད་བྱས་ཡོད་པ་དང་། ཐེངས་འདིའི་བྱིས་པ་ཚོའི་ཆེད་དུ་མཉེན་ཆས་སྒོ་འབྱེད་བྱས་པ་དེ་ནི་ཐེངས་སྔོན་མའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་འདུག་པར་བརྗོད་འདུག དེའི་སྔོན་གྱི་མཉེན་ཆས་དེའི་ནང་“སྟོབས་ཆེན་རྒྱལ་ཁབ་ལ་སློབ་སྦྱོང་བྱོས”ཞེས་པ་དེ་རྒྱ་མི་དར་མ་ཚོར་རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་གི་བསམ་བློར་སློབ་སྦྱོང་བྱེད་ཆེད་དུ་བཟོས་པ་ཞིག་ཡིན་འདུག མཉེན་ཆས་དེའི་མིང་ལ་“ཞི་ཀྱི་དེབ་ཆུང་།” ཟེར་བཞིན་ཡོད་པ་རེད་འདུག

མཉེན་ཆས་དེབ་ཆུང་དེ་རྒྱ་གཞུང་དམར་ཕྱོགས་ཚོགས་པའི་ཚོགས་མི་ཚོས་ཁ་པར་ནང་ཕབས་ལེན་བྱེད་དགོས་པ་མ་ཟད། རྒྱ་གཞུང་གི་ལས་བྱེད་ཚོས་ཀྱང་ངེས་པར་དུ་ཕབས་ལེན་བྱེད་དགོས་པའི་བཀའ་བཏང་ཡོད་འདུག མཉེན་ཆས་དེ་ཕབས་ལེན་བྱས་ནས་ཞི་ཀྱི་དེབ་དེ་བཀླགས་པ་ཡིན་ན་སྐར་ཆ་མཐོན་པོ་ཐོབ་ཀྱི་ཡོད་འདུག རྒྱ་གཞུང་གིས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོང་འབྲེལ་ཚོགས་པ་འདྲ་མིན་བརྒྱུད་ནས་ཞི་ཅིང་ཕིང་གི་བསམ་བློར་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་པ་རེད་འདུག