25
Thu, Apr

༢༠༡༩ལོའི་འཛམ་གླིང་གི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཁག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༤་པའི་ཚེས་༡ཉིན་སྤེལ། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་གནས་ཐུབ་པའི་ཡར་རྒྱས་ཐབས་ཇུས་དྲ་ལམ་(Sustainable Development Solutions Network)ཚོགས་པས་ཉེ་ཆར་བཏོན་པའི་སྙན་ཐོའི་ནང་འཛམ་གླིང་གི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁག་ནི་ཧྥི་ལན་ཁྲི(Finland)་དང་ཌེན་མར་ཁི(Denmark) ནོར་ཝེ(Norway)་བཅས་ཡིན་འདུག

དེ་ཡང་། ལོ་ལྟར་ཟླ་༣་ཚེས་༢༠་ཉིན་ནི་རྒྱལ་སྤྱིའི་བདེ་སྐྱིད་ཉིན་མོ་ཞེས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༢༠༡༣ལོ་ནས་སྲུང་བརྩི་བྱེད་བཞིན་ཡོད་པ་དང་། འདི་ལོ་ཡང་སྤྱི་ཟླ་༣་པའི་༢༠ ཉིན་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་གནས་ཐུབ་པའི་ཡར་རྒྱས་ཐབས་ཇུས་དྲ་ལམ་(Sustainable Development Solutions Network)ཚོགས་པས་ཉེ་ཆར་འཛམ་གླིང་གི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཀྱི་མིང་ཐོ་བཏོན་ཡོད་འདུག

བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཁག་གི་སྙན་ཐོ་ནི་མི་མང་ལ་རང་དབང་དང་ཡིད་ཆེས། ཡོང་འབབ། འཕྲོད་བསྟེན། སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་རོགས་འདེགས་བཅས་ལ་གཞི་བཞག་ནས་བརྟག་དཔྱད་བྱས་འདུག དེ་བཞིན་དུ་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་བཅུའི་ནང་གོང་གསལ་གྱི་ཆ་རྐྱེན་དེ་རྣམས་ལ་བརྟག་དཔྱད་བྱེད་ཀྱི་ཡོད་པར་མ་ཟད་སེམས་ཀྱི་བདེ་སྡུག་གི་ཚད་ཀྱང་འཇལ་གྱི་ཡོད་འདུག

ཧྥི་ལན་ཁྲི་(Finland) རྒྱལ་ཁབ་ཀྱི་མི་མང་ཚོས་སྤྱི་ཚོགས་བདེ་འཇགས་ཆེད་དཔྱ་ཁྲལ་ཚད་མཐོ་སྤྲོད་ཀྱི་ཡོད་པ་དང་། གཞུང་ལ་ཡང་ཡིད་ཆེས་བྱེད་ཀྱི་འདུག་པར་མ་ཟད། རང་དབང་གི་ངང་ནས་ཀྱང་འཚོ་བཞིན་ཡོད་འདུག ཁོ་ཚོས་ཕན་ཚུན་ལ་རོགས་རམ་དང་གཅེས་སྤྲོས་བྱེད་བཞིན་ཡོད་འདུག དེ་འདྲའི་རྒྱལ་ཁབ་ནི་མི་ཚང་མ་གནས་འདོད་པའི་ས་ཆ་ཞིག་རེད་ཅེས་བརྗོད་འདུག

སྙན་ཐོའི་ནང་དུ་བཏོན་པའི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཁག་གི་ནང་དུ་མི་མང་ལ་འཚེ་བ་དང་རྨས་སྐྱོན་ལས་སྲུང་སྐྱོབ་ཡོད་པ་མི་མཚོན་ཞིང་། དཔེར་ན། ཉེ་ཆར་ཉིའུ་ཛི་ལན་ཁྲི་(New Zealand) ནང་དུ་དྲག་སྤྱོད་པས་མི་མང་པོ་བསད་ཡོད་མོད། འོན་ཀྱང་རྒྱལ་ཁབ་དེའི་མི་མང་ཚོས་དྲག་སྤྱོད་ལ་རྣམ་འགྱུར་སྟོན་སྟངས་ལ་བརྟེན་ནས་རྒྱལ་ཁབ་དེའི་བདེ་སྐྱིད་ཚད་འཇལ་ཡོད་པར་ཟད། དཀའ་ངལ་བྱུང་སྐབས་མི་མང་ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཕན་ཚུན་ལ་རོགས་རམ་བྱེད་ཀྱི་ཡོད་པར་བརྟེན་ནས་ཀྱང་བདེ་སྐྱིད་ཀྱི་ཚད་མཇལ་གྱི་ཡོད། ཉིའུ་ཛི་ལན་ཁྲི་ནི་ལོ་སྔོན་མ་བཞིན་བདེ་སྐྱིད་མང་ཤོས་ལྡན་པའི་རྒྱལ་ཁབ་ཨང་བརྒྱད་པ་དེར་སླེབས་ཡོད་འདུག

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ལྟར་ན་ཨ་རི་ཨང་༡༩་པ་སླེབས་ཡོད་པ་དང་ལོ་རེ་རེ་ནས་མར་ཆགས་ཀྱི་ཡོད་འདུག ལོ་སྔོན་མ་ལས་ཨང་རིམ་གཅིག་མར་ཟགས་ཡོད་པ་དང་། ༢༠༡༧་ལོ་ནས་༢༠༡༩་བར་ཨང་རིམ་ལྔ་མར་ཟགས་ཡོད་འདུག་ཅིང་། གཏོང་ཕོད་ཅན་གྱི་ཐོག་ནས་ཨང་༡༢་དང་། སྤྱི་ཚོགས་རྒྱབ་སྐྱོར་གྱི་ཐོག་ནས་ཨང་༣༧་པ། རང་དབང་གི་ཐོག་ནས་ཨང་༦༡་པ། ལྐོག་ཟ་རུལ་སུངས་ཀྱི་ཐོག་ནས་ཨང་༤༢་པ་བཅས་ཡིན་འདུག

ཨ་རི་ནང་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་གཏོང་སྟངས་དེ་སེམས་འཚབ་ཅན་ཞིག་ཏུ་གྱུར་ཡོད་པ་དང་ལྷག་པར་དུ་གཞོན་སྐྱེས་ཁྲོད་དུ་སེམས་འཚབ་ཅན་ཞིག་ཏུ་གྱུར་ཡོད་སྟབས། ཨ་རི་ནང་གི་སྤྱི་ཚོགས་འབྲེལ་ལམ་དེ་སྡུག་ཏུ་འགྲོ་བཞིན་ཡོད་ཅེས། ཧེ་ལི་ཝེ་ལི་(Helliwell)ཡིས་དེ་ལྟར་བརྗོད་འདུག

སྟོབས་ཆེན་རྒྱལ་ཁབ་ནི་ཆེས་བདེ་སྐྱིད་ལྡན་ཤོས་དེ་མིན། སྟོབས་ཆེན་རྒྱལ་ཁབ་རྣམས་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་བཅུ་ཡི་ནང་སླེབས་ཐུབ་མེད་པ་རེད། དཔེར་ན། དབྱིན་ལན་(England)ནི་ཨང་༡༥་པ་དང་། ཇ་མིན་ནི་(Gemany)ཨང་༡༧་པ། ཉི་ཧོང་(Japan)ཨང་༥༨་པ། ཨུ་རུ་སུ་(Russia) ཨང་༦༨་པ། རྒྱ་ནག་(China) ཨང་༩༣་པ། འཛམ་གླིང་གི་རྒྱལ་ཁབ་༡༥༦་ནང་ནས་ལྷོ་སོ་ཌན་(South Sudan) གྱི་མི་མང་ནི་བདེ་སྐྱིད་ཆུང་ཤོས་ཨང་༡༥༦་པ་དང་དེ་ནས་དཀྱུས་ཨ་ཧྥི་རི་ཁ་སྤྱི་ཐུན་རྒྱལ་ཁབ་(Cental Afrincan Repulic) ཨང་༡༥༥་པ། དེ་རྗེས་ཨ་ཧྥི་གྷ་ནི་སི་ཐན་(Afganistan)ཨང་༡༥༤་པ། ཊ་ཛན་ནི་ཡ་(Tanzania) ཨང་༡༥༣་སོགས་ཡིན་འདུག

རྒྱ་གར་ནི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ནང་ནས་ཨང་༡༤༠་པ་ཡིན་པ་དང་། ལོ་སྔོན་མར་ཨང་༡༣༣་ཡིན་འདུག དེའི་རྒྱུ་རྐྱེན་ནི་མི་མང་ལ་སེམས་ཁྲལ་དང་སྡུག་བསྔལ། དེ་བཞིན་ཁོང་ཁྲོ་ཡོད་པ་མཚོན་གྱི་ཡོད་འདུག

རྒྱལ་སྤྱིའི་བདེ་སྐྱིད་ཉིན་མོ་ནི་འབྲུག་རྒྱལ་ཁབ་ཀྱི་སྲིད་བློན་མཆོག་གིས་འཛམ་གླིང་བདེ་སྐྱིད་ཉིན་མོ་དབུ་འཛུགས་གནང་བ་ལས་བྱུང་བ་ཞིག་ཡིན་འདུག

༢༠༡༡ལོར་འབྲུག་གི་སྲིད་བློན་གྱིས་འཛམ་གླིང་བདེ་སྐྱིད་ཉིན་མོ་དེ་མཉམ་འབྲེལ་རྒྱལ་ཚོགས་ནང་གྲོས་འཆར་འདོན་པ་དང་། དེར་བརྟེན་ནས་རྒྱལ་སྤྱིའི་ཐོག་ནས་བདེ་སྐྱིད་ཀྱི་ཐད་ལ་དོ་སྣང་སླེབས་ཡོད་འདུག རྒྱལ་སྤྱིའི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཀྱི་ནང་ནས་འབྲུག་ནི་ཨང་༩༥་པ་དེ་ཡིན་འདུག ལོ་སྔོན་མ་ལས་ཨང་རིམ་གཉིས་མར་ཟགས་ཡོད་འདུག

༢༠༡༢་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་ཀྱིས་སྤྱི་ཟླ་༣་པའི་ཚེས་༢༠་ཉིན་འཛམ་གླིང་བདེ་སྐྱིད་ཉིན་མོར་གསལ་བསྒྲགས་གནང་འདུག་ཅིང་། ཉིན་མོ་དེས་བདེ་སྐྱིད་དང་བདེ་དོན་ནི་འགྲོ་བ་མི་རིགས་ཀྱི་འཚོ་བའི་མངོན་འདོད་དང་དམིགས་ཡུལ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པར་མ་ཟད། ཁྲིམས་ཀྱིས་མི་མང་གི་ཐོབ་ཐང་ལ་དང་ལེན་དང་སྲུང་སྐྱོབ་བྱེད་རྒྱུ་དེའང་གལ་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད།

འཛམ་གླིང་གི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཁག་གི་ནང་ནས་ཨང་རིམ་དང་པོར་སོན་པ་ནི་ཧྥི་ལན་ཁྲི(Finland)་དང་གཉིས་པ་ནི་ཌེན་མར་ཁི(Denmark)། གསུམ་པ་དེ་ནོར་ཝེ(Norway)། བཞི་པ་དེ་ཨེ་སི་ལན་ཁྲི(Iceland)། ལྔ་པ་དེ་ནེ་ཌ་ལན་ཁྲི་(Netherland)། དྲུག་པ་དེ་སིད་ཝི་ཛི་ལན་ཁྲི(Switzerland)། བདུན་པ་དེ་སི་ཝེ་ཌན(Sweden)། བརྒྱད་པ་དེ་ཉིའུ་ཛི་ལན་ཁྲི( New Zealand)། དགུ་པ་དེ་ཁ་ཎ་ཌ(Canada)། བཅུ་པ་དེ་ཨོ་སུད་ཁྲི་རི་ཡ་(Austria)།

འཛམ་གླིང་ནང་གི་བདེ་སྐྱིད་ཉུང་ཤོས་ཀྱི་རྒྱལ་ཁབ་ཁག་གི་ནང་ནས་ཨང་རིམ་དང་པོ་དེ་ལྷོ་སོ་ཌན་(South Sudan)། གཉིས་པ་དེ་དཀྱུལ་ཨ་ཧྥི་རི་ཁ་སྤྱི་ཐུན་རྒྱལ་ཁབ། གསུམ་པ་དེ་ཨ་ཧྥི་གྷ་ནི་སི་ཐན་(Afghanistan)། བཞི་པ་དེ་ཊ་ཛན་ནི་ཡ་(Tanzania)སོགས་ཡིན་འདུག