19
Fri, Apr

༢༠༡༩ལོ་ཟླ༡ཚེས་༢ཉིན་ཐེ་ཝན་སྲིད་འཛིན་ཚད་ཡི་ཝིན་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནམ་ཡང་ངོས་ལེན་མི་བྱེད་ཟེར།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༡ཚེས་༢ཉིན། ཐེ་ཝན་རྒྱལ་ས་ཐེ་པེ་རུ་སྲིད་འཛིན་ཚད་ཡི་ཝིན་གྱིས།༼༡༩༩༢ལོའི་གྲོས་མཐུན༽ཞེས་པ་དེ་ནམ་ཡང་ངོས་ལེན་བྱེད་མི་སྲིད་ལ། མ་འོངས་པར་ཡང་བྱ་མི་སྲིད། དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་དེ་དང་མཚུངས་ཤིང་། རྒྱ་ནག་གིས་ཐེ་ཝན་རྒྱ་ནག་གི་དབང་འོག་ཏུ་སྟངས་འཛིན་བྱེད་དགོས་བསམ་ཡོད་ཀྱང་། ཐེ་ཝན་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་དེ་ནམ་ཡང་ངོས་ལེན་མི་བྱེད། ཅེས་བརྗོད་འདུག

སྲིད་འཛིན་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཏུ་གསུང་དོན། མོ་རང་གིས་༢༠༡༦ལོར་སྲིད་དབང་བཟུང་བ་ནས་བཟུང་།༼༡༩༩༢ལོའི་གྲོས་མཐུན༽ཞེས་པ་དེ་ངོས་ལེན་བྱེད་ཀྱི་མེད་ལ། གྲོས་མཐུན་དེའི་དམིགས་ཡུལ་ནི་ཐེ་ཝན་དང་རྒྱ་ནག་གཅིག་གྱུར་བཟོ་རྒྱུ་དེ་རེད། ཅེས་བཤད་འདུག

ཡང་ཁོ་མོས། ང་ཚོས་ནམ་ཡང་༼༡༩༩༢་ལོའི་གྲོས་མཐུན༽ཞེས་པ་དེ་ཁས་ལེན་བྱེད་ཀྱི་མེད། གང་ཡིན་ཟེར་ན། གྲོས་མཐུན་དེ་ནི་པེ་ཅིང་གཞུང་གིས་བཏོན་པ་ཞིག་ཡིན། དེ་ནི་རྒྱ་ནག་གཅིག་གི་ལམ་ལུགས་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་དེ་གཞིར་བཞག་པ་ཞིག་རེད། ཅེས་བརྗོད་འདུག

ཐེ་ཝན་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་དེ་ནམ་ཡང་ཁས་ལེན་མི་བྱ། ཐེ་ཝན་མི་མང་ཕལ་མོ་ཆེ་ཡིས་ཀྱང་པེ་ཅིང་གཞུང་གིས་བཏོན་པའི་ལམ་ལུགས་དེར་ངོ་རྒོལ་ཤུགས་ཆེན་བྱས་ཡོད། ཅེས་ཐེ་ཝན་སྲིད་འཛིན་གྱིས་དེ་ལྟར་བཤད་ཡོད་སྟབས། རྒྱ་ནག་སྲིད་འཛིན་གྱིས་ཉིན་དེར་གསུང་བཤད་ནང་རྒྱ་ནག་གིས་ཐེ་ཝན་ལ་སོམ་ཉི་བྱེད་ཀྱི་ཡོད་པ་དེ་བདེན་པ་ཡིན་པའི་ར་སྤྲོད་བྱས་ཡོད་པ་རེད།

༼༡༩༩༢་ལོའི་གྲོས་མཐུན༽ཞེས་པ་ནི། ངག་ཐོག་གི་གྲོས་མཐུན་ཞིག་༡༩༩༢ལོར་ཐེ་ཝན་གཞུང་གོ་མིས་ཏང་དང་རྒྱ་ནག་དམར་ཕྱོགས་ཚོགས་པ་གཉིས་བར་བཞག་པ་ཞིག་ཡིན་ཞིང་། དེ་ནི་རྒྱ་ནག་གཅིག་ལས་མེད་པ་དང་། རྒྱ་ནག་ཞེས་པ་དེ་ཕྱོགས་གཉིས་ཀས་དོན་མི་འདྲ་བའི་ཐོག་ནས་འགྲེལ་བཤད་རྒྱག་གི་ཡོད་པ་རེད་འདུག

རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་གིས།༼ཐེ་ཝན་སྤུན་ཟླར་སྤྲིངས་པའི་འཕྲིན་ཡིག༽ཞེས་པ་ཞིག་ཁ་སྔོན་གཟའ་ལྷག་པར་ལོ་ངོ་༤༠་འཁོར་བའི་དུས་དྲན་སྲུང་བརྩི་སྐབས་བསྒྲགས་ཡོད་ཅིང་། དེའི་ནང་དུ།རྒྱ་ནག་གཅིག་གི་ལམ་ལུགས་དང་༼༡༩༩༢་ལོའི་གྲོས་མཐུན༽ཞེས་པ་དེ་གཞི་བཞག་པའི་ཐོག་ནས་ཐེ་ཝན་ངེས་པར་དུ་རྒྱ་ནག་དང་གཅིག་སྒྲིལ་བྱ་དགོས།ཞེས་བཤད་འདུག

ཞི་ཅིང་ཕིང་གིས།ཐེ་ཝན་གྱིས་རྒྱ་ནག་གཅིག་ཞེས་པ་དེ་ཁས་ལེན་བྱས་ན་རྒྱ་ནག་གིས་ཐེ་ཝན་ནང་གི་ཚོགས་པ་གང་རུང་ཞིག་དང་མཉམ་དུ་གྲོས་མོས་བྱ་འདོད་ཡོད་པ་བརྗོད་ཡོད་རུང་། ཡང་ཁོང་གིས་ང་ཚོས་དགོས་པ་བྱུང་ན་དྲག་པོ་བེད་སྤྱོད་བྱེད་སྲིད་པ་དང་ཐབས་ཤེས་གང་རུང་གི་སྒོ་ནས་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་ཀྱི་ཡིན་ཞེས་ཀྱང་བརྗོད་འདུག

ཡིན་ནའང་། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས། ཞི་ཅིང་ཕིང་གིས་རྒྱ་ནག་གཅིག་གི་ལམ་ལུགས་དང་༡༩༩༢ལོའི་གྲོས་མཐུན་ཞེས་པ་གཉིས་ལ་བརྟེན་ནས་ཐེ་ཝན་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་། དེ་ནི་རྒྱ་གཞུང་རྨོངས་ཡོད་པའི་རྟགས་མཚན་ཞིག་རེད།དེ་ཡང་ཐེ་ཝན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་ལེན་ཡོད་པའི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་སྐོར་ལ་རྨོངས་ཡོད་པའི་རྟགས་མཚན་ཞིག་དང་། ཐེ་ཝན་མི་མང་གིས་རྒྱ་གཞུང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་དེ་ངོས་ལེན་བྱེད་ཀྱི་མེད་པའི་དངོས་ཡོད་ཀྱི་གནས་ཚུལ་རྟོགས་མེད་པའི་རྟགས་མཚན་བཅས་རེད། ད་དུང་།ཐེ་ཝན་མི་མང་ལ་རང་ཉིད་ཀྱི་མ་འོངས་པའི་ཅི་འདྲ་ཞིག་ཏུ་ཐག་གཅོད་བྱེད་པའི་ཐོབ་ཐང་ཡང་ཡོད་པ་རེད།ཅེས་བརྗོད་འདུག

ད་དུང་། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས། རྒྱལ་སྤྱིའི་ཚོགས་པ་ཁག་ལ་མུ་མཐུད་ནས་ཐེ་ཝན་ལ་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཡང་ཞུས་འདུག དེ་ཡང་། ཁོས་འདི་ལྟར་འབོད་སྐུལ་ཞུས་འདུག་སྟེ། ང་ཚོས་རྒྱལ་སྤྱིའི་ཚོགས་པ་ཁག་དང་མཉམ་འབྲེལ་བྱས་ཏེ། ང་ཚོ་ཐུན་མོང་ལ་ལྡན་པའི་རིན་ཐང་ལྟ་ཚུལ་རྣམས་ལ་སྲུང་སྐྱོབ་བྱེད་པའི་ལས་རྩོམ་རྒྱུ་ཡིན། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་། མང་གཙོ། རང་དབང་བཅས་རྨང་གཞིར་བཟུང་ནས་རྒྱལ་སྤྱིའི་འགྲོ་ལུགས་ཤིག་བཟོ་ངེས་ཡིན། ཞེས་བརྗོད་འདུག

གཞན་ཡང་། ཐེ་ཝན་གྱི་རྒྱ་ནག་སྐམ་སའི་ལས་དོན་ལྷན་ཁང་གིས་ཀྱང་འདི་ལྟར་བརྗོད་དོན། ཐེ་ཝན་གྱིས་ནམ་ཡང་ཐེ་ཝན་གྱི་རང་བཙན་ལ་གནོད་བྱེད་པའི་སྲིད་དབང་སྒེར་གཅོད་བྱེད་མཁན་གྱི་གཞུང་ཞིག་དང་ལྷན་དུ་གྲོས་མོལ་མི་བྱེད། རྒྱ་གཞུང་གིས་འཁྱོག་བརྗོད་ཀྱི་ལས་མ་རྩོམ་རོགས།ཐེ་ཝན་གྱིས་རང་གི་རྒྱལ་ཁབ་ཀྱི་རང་བཙན་དང་བརྩི་མཐོང་ལ་སྲུང་སྐྱོབ་བྱེད་པར་གྲ་སྒྲིག་ཡོད། ཧོང་ཀོང་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། མི་མང་གི་རང་དབང་དང་ཁྲིམས་ལུགས་རྡོག་བརྩི་བཏང་ཡོད། དེར་བརྟེན། ཐེ་ཝན་གྱིས་ནམ་ཡང་སྲིད་ཇུས་དེ་དང་ལེན་མི་བྱེད། ཅེས་བཤད་འདུག