23
Tue, Apr

ཨེ་ཤེ་ཡའི་མཛངས་མ་འགྲན་སྡུར་ཁྲོད་དུ་བོད་ཀྱི་མཛངས་མ་ཞུགས་པ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༡ཚེས་༡༣ཉིན། ཉེ་སྔོན་བོད་ཀྱི་མཛངས་མ་བསྟན་འཛིན་མཁས་ཆོས་ལགས་ཨེ་ཤེ་ཡའི་མཛངས་མ་འགྲན་སྡུར་ཁྲོད་དུ་ཞུགས་ནས་ལྟ་མཁན་གྱི་འདམ་གའི་མཛངས་མ་དང་སྤྱི་ཚོགས་དྲ་རྒྱའི་མཛངས་མ་གྱི་བྱ་དགའ་ཐོབ་འདུག ཐེངས་འདིའི་མཛངས་མ་འགྲན་སྡུར་ནང་དུ་ཨེ་ཤེ་ཡ་དང་ཡོ་རབ་རྒྱལ་ཁབ་ཁག་ནས་ཁྱོན་བུ་མོ་༢༥་འཛུལ་ཞུགས་བྱས་ཡོད་འདུག

དེ་ཡང་རྒྱ་གར་ལྷོ་ཕྱོགས་ཀེ་རེ་ལ་ཀོ་ཆི་རུ་༢༠༡༨་ལོའི་ཨེ་ཤེ་ཡའི་མཛངས་མ་ཞེས་པའི་མཛངས་མའི་འགྲན་སྡུར་ཤིག་འཚོགས་ཡོད་པ་དང་། འགྲན་སྡུར་དེའི་ནང་དུ་བོད་དང་། ཉི་ཧོང་། འབྲུག རྒྱ་གར། རྒྱ་ནག སོག་པོ། བྷར་མ། བལ་ཡུལ། ཨུ་རུ་སུ། ལྷོ་ཁོ་རེ་ཡ། སི་ལ་གྷ། ཐེ་ལན། ཝེ་ཎམ། ཨེ་ཏོ་ཎེ་ཤེ་ཡ། ཎེ་དུ་ལན་ཁྲི། ཧན་གྷ་རེ། ཧྥི་ལེ་པན། བཅས་ཁྱོན་རྒྱལ་ཁབ་༢༥ནས་ཕེབས་པའི་མཛངས་མ་རྣམས་འཛུལ་ཞུགས་བྱས་འདུག

མཛངས་མའི་འགྲན་སྡུར་འདིའི་ནང་དུ་རིམ་པ་གསུམ་གྱི་སྒོ་ནས་འགྲན་སྡུར་བྱས་ཏེ། མཐའ་མའི་ཨེ་ཤེ་ཡའི་མཛངས་མའི་རྒྱལ་ཁ་དེ་ལེན་དགོས་ཀྱི་ཡོད་འདུག འོན་ཀྱང་འགྲན་སྡུར་འདིའི་ནང་དུ་མཛངས་མའི་མིང་འདྲ་མིན་ཐོག་ནས་མགོ་རྒྱན་དང་ལག་འཁྱེར་གནང་གི་ཡོད་འདུག དེ་ཡང་འཛུམ་མདངས་ཅན་གྱི་མཛངས་མ། སྐྲ་མཛེས་མཛངས་མ། གདོང་མཛེས་མཛངས་མ། མིག་མཛེས་མཛངས་མ། རྣམ་དཔྱོད་ལྡན་པའི་མཛངས་མ། གཤིས་སྤྱོད་མཛངས་མ། སྤྱི་ཚོགས་བརྒྱུད་ལམ་ཁྲོད་ཀྱི་མཛངས་མ། སྙིང་རྗེ་ཅན་གྱི་མཛངས་མ། རྒྱལ་ཁབ་ཀྱི་གྱོན་ཆས་ཡག་ཤོས་ཀྱི་མཛངས་མ། ཞི་མིའི་གོམ་འགྲོས་མཛངས་མ། ལྟ་མཁན་གྱི་འདམ་གའི་མཛངས་མ། བཅས་ཡིན་འདུག

མཛངས་མའི་འགྲན་སྡུར་འདིའི་དམིགས་ཡུལ་ནི་ཨེ་ཤེ་ཡའི་བུད་མེད་ཀྱི་རྣམ་དཔྱོད་དང་བཅོས་མིན་གྱི་མཛེས་སྡུག་རྣམས་ཕྱིར་མངོན་བཅུག་པའི་ཆེད་དུ་ཡིན་འདུག་ལ། ཨེ་ཤེ་ཡའི་མཛངས་མ་དང་། རྒྱ་གར་ལྷོ་ཕྱོགས་མཛངས་མ། རྒྱ་གར་མཛངས་མ་རྒྱལ་མོ། བཅས་ཀྱི་མཛངས་མའི་འགྲན་བསྡུར་ནི་ཕྱིའི་གཟུགས་མཛེས་ཁོ་ནའི་ཆེད་དུ་མིན་འདུག

ཐེངས་འདིའི་ཨེ་ཤེ་ཡའི་མཛངས་མའི་འགྲན་སྡུར་ཁྲོད་དུ་བོད་ཀྱི་མཛངས་མ་བསྟན་འཛིན་མཁས་ཆོས་ལགས་ཀྱང་ཞུགས་ཡོད་ཅིང་། ཁོ་མོ་ནི་༢༠༡༧ལོའི་བོད་ཀྱི་བོད་ཀྱི་མཛངས་མའི་འགྲན་སྡུར་ཁྲོད་ཨང་གཉིས་པ་དེ་ཡིན་པ་དང་། སྐབས་དེའི་མཛངས་མའི་འགྲན་སྡུར་འགྲོ་བཞིན་པའི་སྐབས་ནས་བཟུང་། ངོ་དེབ་དང་སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་བོད་མི་གཙོ་པའི་མི་མང་ཚོར་མོ་ལ་རྒྱབ་སྐྱོར་ཞུ་རོགས་ཞེས་འབོད་སྐུལ་ཞུ་པ་ལྟར། བོད་མི་མང་པོ་ཞིག་གིས་ཨེ་ཤེ་ཡའི་མཛངས་མའི་འགྲན་བསྡུར་གྱི་ངོ་དེབ་ཐད་གཏོང་ཐོག་དངོས་ཤུགས་བརྒྱུད་གསུམ་གྱིས་བསྟན་འཛིན་མཁས་ཆོས་ལགས་ལ་དགའ་རྟགས་དང་མཆན་སོགས་ཀྱིས་རྒྱབ་སྐྱོང་གནང་འདུག

དེ་ནས་ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་ཀེ་རེ་ལ་ཀོ་ཆི་རུ་༢༠༡༨་ལོའི་ཨེ་ཤེ་ཡའི་མཛངས་མ་ཞེས་པའི་མཛངས་མའི་འགྲན་སྡུར་ཁྲོད་དུ། བོད་ཀྱི་མཛངས་མ་བསྟན་འཛིན་མཁས་ཆོས་ལགས་ལ་ལྟ་མཁན་གྱི་འདམ་གའི་མཛངས་མ་་དང་སྤྱི་ཚོགས་དྲ་རྒྱའི་མཛངས་མ་གྱི་བྱ་དགའ་ཐོབ་ཡོད་པ་དང་། བྱ་དགའ་དེའི་ཐོབ་རྗེས་ཁོ་མོས་དྲ་རྒྱ་བརྒྱུད་ནས་རང་ཉིད་ལ་ཨེ་ཤེ་ཡའི་མཛངས་མའི་འགྲན་སྡུར་གྱི་བརྒྱུད་རིམ་ཁྲོད་ནས་ཚང་མས་རྒྱབ་སྐྱོར་དང་བསྔགས་བརྗོད་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་འདུག་པ་དང་། ང་ལལྟ་མཁན་གྱི་འདམ་གའི་མཛངས་མ་དང་སྤྱི་ཚོགས་དྲ་རྒྱའི་མཛངས་མ་དང་། ཡི་རང་གི་བྱ་དགའ་བཅས་ཐོབ་པར་སེམས་གཏིང་ནས་དགའ་ཚོར་བྱུང་སོང་ཞེས་བཀོད་འདུག

༢༠༡༨ལོའི་ཨེ་ཤེ་ཡའི་མཛངས་མ་ནི་སོག་པོ་མཛངས་མ་(Azzaya Tsugt-Ochir )ལ་ཐོབ་ཡོད་པ་དང་། ཨེ་ཤེ་ཡ་རྒྱལ་སྤྱིའི་མཛངས་མ་ནི་ཁཱ་ཛ་ཁི་སི་ཐེན(Kazakhstan)་ཡིན་པའི་(Assem Yessengeldiyeva)་ཐོབ་ཡོད་འདུག