24
Wed, Apr

༢༠༡༨ལོའི་ཟླ་༡༡་ཚེས་༦ཉིན་ཡུ་གུར་བ་དང་བོད་པ་སོགས་ཀྱིས་རྒྱལ་ཚོགས་མདུན་ནས་ངོ་རྒོལ་བྱས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཕྱི་ཟླ་ ༡༡ ཚེས་ ༦ ཉིན། མཉམ་སྦྲེལ་རྒྱལ་ཚོགས་སུ་རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་༣༡ པ་དེ་འཚོགས་ཀྱི་ཡོད་པའི་སྐབས་དང་བསྟུན། ཡུ་གུར་བ་སྟོང་ཚོ་བརྒལ་བ་ཞིག་གིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་གཞུང་གིས་ཡུ་གུར་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོལ་རོལ་གཏོང་གི་ཡོད་པའི་ཐད་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་འདུག སྐབས་དེར། བོད་པ་དང་། ལྷོ་སོག་པོ། དེ་བཞིན་ཐེ་ཝན་དང་། ཝིཡེཏ་ནམ་མི་རིགས་བཅས་ཀྱང་འདུ་འཛོམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག

ལས་འགུལ་དེ་ནི་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་ཞིང་། ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་ཡུ་གུར་ཁ་ཆེ་མི་རིགས་སྟོང་ཕྲག་མང་པོ་རྒྱ་ནག་གི་སློབ་གསོའི་ར་བའི་ནང་བཅུག་སྟེ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་དེར་ངོ་རྒོལ་བྱེད་ཆེད་རེད་འདུག་ལ། ལས་འགུལ་དེར་ཞུགས་མཁན་གྱི་ཡུ་གུར་བ་རྣམས་ནི། འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་འདུག

སྐབས་དེར། འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་འགན་འཛིན་ཊོལ་ཀུན་ཨ་ས(Dolkun Isa)ཡིས་རྒྱལ་ཚོགས་ཀྱི་མདུན་ནས་འདི་ལྟར་བརྗོད་དོན། ང་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང་ཐམས་ཅད་རྒྱ་གཞུང་གི་སྟངས་འཛིན་གྱི་འོག་ཏུ་ཡོད་པ་དང་། ང་ཚོར་ཆོས་དད་རང་དབང་མེད་ལ། སྐད་ཡིག་གི་ཐོབ་ཐང་མེད། སྨྲ་བརྗོད་རང་དབང་ཡང་མེད་ལ། འདུ་འཛོམས་ཀྱི་རང་དབང་ཡང་མེད། ང་ཚོའི་མི་རིགས་ཡོངས་རྫོགས་རྒྱ་གཞུང་གི་སྟངས་འཛིན་དང་དབང་སྒྱུར་གྱི་འོག་ཏུ་ཡོད། ཡིན་ན་ཡང་། ང་ཚོ་སྡུག་རྩུབ་ཆེ་བའི་རྒྱ་གཞུང་གི་ལག་འོག་ནས་འཆི་མི་རུང་། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནད་དོན་འདི་ཐད་ལ་ལས་དོན་ཞིག་རྩོམ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བཤད་འདུག

རྒྱ་ནག་གི་སློབ་གསོ་ར་བའི་སྲིད་ཇུས་དེ་ནི། ༢༠༡༧ལོའི་ཟླ་༤པ་ནས་འགོ་བཙུགས་ཡོད་ཅིང་། སྐབས་དེར་ཡུ་གུར་བ་མང་པོ་ཞིག“ཆོས་དད་ཆེན་པོ”དང་། “ཡང་མ་དག་པའི་ཆབ་སྲིད་ཀྱི་ལངས་ཕྱོགས”བཅས་ཀྱི་ཉེས་མིང་འོག བཙན་ཁྲིད་བྱས་ཏེ་སློབ་གསོ་ར་བར་བཅུག་ཡོད་པ་དང་། སློབ་གསོ་ར་བ་དེ་ནས་ཆོས་དད་བྱེད་མི་ཆོག་པ་དང་། རིག་གཞུང་གི་གཉའ་གནོན། དབྱེ་འབྱེད་སོགས་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་གཞུང་གི་ཆབ་སྲིད་སློབ་གསོ་ཡང་སྤྲོད་ཀྱི་ཡོད་འདུག

རྒྱ་ནག་གི་སློབ་གསོ་ར་བའི་སྲིད་བྱུས་ཀྱི་ཐད་ལ། ཐེངས་འདིའི་རྒྱལ་ཚོགས་ཀྱི་ནང་དུའང་ཨ་རི་དང་ཧྥ་རན་སི་སོགས་རྒྱལ་ཁབ་བཅུ་གསུམ་གྱིས་རྒྱ་ནག་གིས་ཡུ་གུར་བར་བཟུང་བའི་སློབ་གསོ་ར་བའི་སྲིད་བྱུས་དེའི་ཐད་ལ་སྐྱོན་བརྗོད་དང་མགྱོགས་མྱུར་དེའི་སྒོ་རྒྱག་དགོས་པ་དང་། ད་ལྟ་སློབ་གསོ་ར་བ་དེར་བཅུག་ཡོད་པའི་ཡུ་གུར་བ་རྣམས་གློད་དགོས་པའི་འབོད་སྐུལ་ཡང་གནང་འདུག

ད་དུང་། ལས་འགུལ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག དེ་བཞིན་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བའི་མི་སྣ་བཅས་མཉམ་ཞུགས་གནང་སྟེ། བོད་ནང་དུ་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། སྐད་ཡིག་བཀོལ་སྤྱོད་རང་དབང་སོགས་མི་འདུག་ཅེས་རྒྱ་གཞུང་ལ་ངོ་རྒོལ་དང་རྒྱལ་ཚོགས་སུ་འབོད་སྐུལ་ཞུས་ཡོད་པ་དང་། ཐེངས་འདིའི་རྒྱལ་ཚོགས་སུ་རྒྱལ་ཁབ་༡༢་ཀྱིས་རྒྱ་གཞུང་གིས་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་སྐོར་ལ་སྐྱོན་བརྗོད་དང་། བོད་མི་ཡོངས་ལ་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་ཡོད་དགོས་པའི་སྐོར་ནས་རྒྱ་གཞུང་ལ་འབོད་སྐུལ་གནང་འདུག་པར་མ་ཟད། ད་དུང་། བོད་ཀྱི་སྐད་ཡིག་གི་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་གི་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་དགོས་པའི་འབོད་སྐུལ་ཡང་གནང་འདུག

སྐབས་དེར། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གིས་བཙན་འཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་དང་། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་། བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་པའི་སྐོར་སོགས་ཀྱང་ངོ་སྤྲོད་གནང་འདུག