24
Wed, Apr

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༡་ཚེས་༦ཉིན། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་དེ་ཚོགས་ཡོད་པ་དང་། ཁྱོན་རྒྱལ་ཁབ་༡༢་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་། ལྷག་པར་དུ་བོད་ནང་ཆོས་དད་རང་དབང་མེད་པ། སྨྲ་བརྗོད་རང་དབང་མེད་པ། འདུ་འཛོམས་རང་དབང་མེད་པ་དང་། སྐད་ཡིག་གི་ཐོབ་ཐང་རྩོད་མཁན་བཀྲ་ཤིས་དབང་ཕྱུག་ལགས་བཙོན་འཇུག་བྱས་པ། རྒྱལ་ཁབ་ཁག་གི་སྐུ་ཚབ་དང་རྒྱལ་ཚོགས་ཀྱི་སྐུ་ཚབ་བོད་ནང་ལྟ་སྐོར་གཏོང་གི་མེད་པ་སོགས་ལ་སྐྱོན་བརྗོད་བྱས་འདུག

དེ་ཡང་ཐེངས་འདིའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་ཐོག་རྒྱ་གཞུང་གི་སྐུ་ཚབ་རྣམ་པས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་ཕྱིན་ཡོད་པ་བརྗོད་ཡོད་རུང་། རྒྱལ་ཁབ་མང་པོ་ཞིག་གིས་ད་ལྟའི་ཤིང་ཅང་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སོགས་ཀྱི་ཐོག་ལ་དྲི་བ་བཏང་བ་དང་སྐྱོན་བརྗོད་བྱས་ཡོད་པ་རེད།

ལྷག་པར་དུ་ཉེ་སྔོན་རྒྱ་ནག་གཞུང་གིས་ཤིང་ཅང་གི་ཡུ་གུར་ཁ་ཆེ་རྒན་གྲས་ཁྲི་ཁྲག་མང་པོ་འཇུ་བཟུང་བཙན་འཁྲིད་བྱས་ཏེ། ཤིང་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གང་སར་བཙུགས་པའི་བཀག་ཉར་ཁང་ཁག་གི་ནང་དོ་དམ་བྱས་ནས། ཁོང་ཚོའི་བསམ་བློར་འགྱུར་བཀོད་གཏོང་རྒྱུའི་ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་སྤེལ་གྱི་ཡོད་པར་བརྟེན། ཕྲུ་གུ་ལོ་ཆུང་སུམ་སྟོང་ཙམ་ཞིག་ལ་ལྟ་སྐྱོང་བྱེད་མཁན་མེད་པར་ལུས་ཡོད་ཅིང་། རྒྱ་གཞུང་གིས་ཕྲུ་གུ་དེ་དག་ཀྱང་སློབ་གྲྭ་ཡིན་ཟེར་བའི་ཕྱོགས་བཞི་ལྕགས་རིས་སྐོར་བའི་ཁང་ཆེན་དེ་གྲས་ཀྱི་ནང་ཉེན་རྟོག་པས་ལྟ་སྲུང་ནན་པོའི་འོག་ཏུ་བཀག་ཉར་བྱས་ཡོད་པའི་སྐོར་ལ་རྒྱལ་ཁབ་ཁག་གིས་དྲི་བ་བཏང་ཡོད་རུང་། རྒྱ་གཞུང་ནས་བཏང་བའི་ཤིང་ཅང་གི་སྐུ་ཚབ་ཀྱིས་ཀྱང་ཤིང་ཅང་ནས་མི་ཁྲི་ཕྲག་མང་པོ་ཁྲིད་ཡོད་པ་རྣམས་ལ་བདེ་འཇགས་ཐོག་ལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་དང་། མི་དེ་ཚོ་རང་ཉིད་འཇིགས་སྐུལ་རིང་ལུགས་པ་ལས་སྐྱོབ་ཆེད་ཡིན་སྐོར་ལས་ཆོས་དང་འབྲེལ་བ་མེད་པ་འཁྱོག་བརྗོད་བྱས་འདུག དེ་བཞིན་རྒྱ་གཞུང་ནས་བཏང་བའི་བོད་ཀྱི་སྐུ་ཚབ་ཀྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡག་པོ་ཡོད་པ་དང་། ཆོས་དད་དང་སྐད་ཡིག་སོགས་ཀྱི་རང་དབང་ཡོད་སྐོར་འཁྱོག་བརྗོད་བྱས་སོང་།

ཡིན་ནའང་རྒྱ་གཞུང་གི་སྐུ་ཚབ་དག་གིས་གོང་གི་རྒྱལ་ཁབ་ཁག་གིས་རྒྱ་ནག་ནང་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐྱོན་བརྗོད་བྱས་པར་ངོ་ལེན་རྩ་བ་ནས་བྱས་མི་འདུག ལྷག་པར་དུ་བོད་དང་ཤིང་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་ལ་ངོ་ལེན་བྱས་མི་འདུག དེ་དག་ནི་རྒྱལ་ཁབ་དེ་དག་གིས་གོ་ལོག་དང་ཕྱོགས་ལྷུང་བྱེད་པའི་རྣམ་པ་སྟོན་གྱི་སྐོར་བརྗོད་འདུག