18
Thu, Apr

རྒྱ་མི་ཨ་རིར་ཡོང་བར་བཀག་སྡོམ་ཁྲིམས་འཆར་གཏན་འབེབས་གནང་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ ཟླ་ ༩ ཚེས་ ༢༥ ཉིན། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ ཇིམ་མ་ཁུ་གྷོ་ཝེན(Jim McGovern) མཆོག་དང་། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་ཌེ་ཧལ་ཌི་གྷེན(Randy Hultgren) མཆོག་བཅས་ཀྱི་རྒྱབ་སྐྱོར་འོག ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་འགྲོ་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ཞེས་པ་ཞིག་གཏན་འབེབས་གནང་འདུག་ཅིང་། ཁྲིམས་འཆར་དེའི་ནང་འཁོད་དོན་ལྟར་ན། རྒྱ་གཞུང་གིས་ཨ་རིའི་མི་ཚོ་བོད་ནང་འགྲོ་རྒྱུར་བཀག་སྡོམ་གནང་བ་ལྟར། ཨ་རིས་ཀྱང་རྒྱ་ནག་གི་འབྲེལ་ཡོད་མི་སྣ་རྣམས་ཨ་རིར་ཡོང་རྒྱུར་བཀག་སྡོམ་གནང་རྒྱུ་ཡིན་འདུག

ཁྲིམས་འཆར་དེའི་དམིགས་ཡུལ་གཙོ་བོ་ནི། ཨ་རིའི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ། གཞུང་འབྲེལ་མིན་པའི་ཚོགས་སྡེ། དེ་བཞིན་ཨ་རིར་གནས་སྡོད་བོད་མི་མི་སེར་བཅས་ཀྱི་ཆེད་དུ་ཡིན་པ་དང་། ཁྲིམས་འཆར་དེ་ནི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་ཟུང་འབྲེལ་ཐོག་ནས་བཏོན་གནང་བའི་ཁྲིམས་འཆར་ཞིག་ཀྱང་རེད་འདུག

ཐེངས་འདི་གྲོས་ཚོགས་སུ་ཁྲིམས་འཆར་གཏན་འབེབས་བྱུང་སྐབས། འབྲེལ་ཡོད་སྐུ་ཞབས་ཇིམ་མ་ཁུ་གྷོ་ཝེན་མཆོག་གིས། དེ་རིང་ནི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་ཉིན་མོ་གལ་ཆེན་པོ་ཞིག་ཆགས་ཡོད་ཅེས་གསུངས་ཡོད་པ་དང་། ཨ་རིའི་ངོས་ནས་མུ་མཐུད་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ཕྱོགས་མཚུངས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་དེ་དག་ཐེར་འདོན་བྱེད་དགོས་པ་གསུངས་འདུག་ཅིང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཨི་ལེ་ཡ་ན་ལེ་ཊི་ནེན་(Ileana Ros-Lehtinen) མཆོག་གིས་ཀྱང་། ད་རེས་ཀྱི་ཁྲིམས་འཆར་འདི་བོད་མི་ཚོར་རྒྱབ་སྐྱོར་དང་། རྒྱ་ནག་ནས་ཨ་རིར་སྡང་ཟུག་གི་སྲིད་བྱུས་ཤིག་འཛིན་བཞིན་ཡོད་པ་དེར་ལན་སློག་རྒྱུ་བཅས་གནད་དོན་དེ་གཉིས་ཀའི་ཐོག་ལ་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་འདུག

བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་འདི་ནི་༢༠༡༧ལོ་གྲོས་འགོ་བཏོན་གནང་ཞིང་། ཁྲིམས་འཆར་འདི་གཏན་འབེབས་ཡོང་ཐབས་སུ་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སི་རུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འབྲེལ་ཡོད་སོགས་ཀྱིས་སྔ་ཕྱི་བར་གསུམ་ལ་སྐུ་ལས་བསྐྱོན་ཞིང་། ཉེ་ཆར་ཕྱི་ཟླ་ ༧ ནང་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་ནས་ཁྲིམས་འཆར་འདིར་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་གནང་སྟེ་ཐེངས་འདིར་དངོས་སུ་གཏན་འབེབས་གནང་ཐུབ་ཡོད།

དེར་བརྟེན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ (Matteo Meccaci)མཆོག་གིས་བརྗོད་དོན། ཁྲིམས་འཆར་གཏན་འབེབས་གནང་ཡོད་པ་འདི་ཨ་རིའི་གྲོས་ཚོགས་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་ལ་མུ་མཐུད་སྡུག་རྩུབ་གཏོང་བཞིན་པ་དེར་ཐུགས་འཚབ་བྱེད་ཀྱི་ཡོད་པའི་རྣམ་པ་ཤུགས་ཆེར་སྟོན་པ་ཞིག་ཡིན་པར་མ་ཟད། རྒྱ་ནག་གཞུང་ནས་ཕྱིའི་རྒྱལ་ཁབ་ཁག་གི་མི་རྣམས་བོད་ནང་དུ་འགྲོ་འོང་བྱེད་པར་བཀག་འགོག་མི་བྱེད་པའི་ཐད་ལ་འབོད་སྐུལ་གྱི་རྣམ་པ་ཞིག་ཀྱང་ཡིན་ཞེས་བརྗོད་པ་དང་། ད་དུང་རྒྱ་ནག་གི་བོད་སྐོར་དྲིལ་བསྒྲགས་བྱེད་བཞིན་པ་དེ་སྟོང་བཤད་ཡིན་པ་གསལ་པོ་ཆགས་ཡོད། ཅེས་ཀྱང་གསུངས་འདུག