25
Thu, Apr

སྐུ་ཚབ་དོན་གཅོད་མཆོག་གིས་གསུང་བཤད་གནང་བཞིན་པ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

འདུ་འཛོམས་སྟེང་དུ་བོད་ནང་གི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཤིན་ཏུ་ཞན་པའི་སྐོར་གསུང་པ་དང་འབྲེལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་རྣམས་ལ་དཀའ་ངལ་འཕྲད་དང་འཕྲད་བཞིན་པར་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཚོགས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་ཉིན་མོ་ཐེངས་གཉིས་པ་ཞེས་པའི་འདུ་འཛོམས་སྟེང་དུ་གསུངས་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༧་ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་ཉིན་མོ་ཐེངས་གཉིས་པ་ཞེས་པའི་འདུ་འཛོམས་ཤིག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཚོགས་ཤིང་། འདུ་འཛོམས་དེར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་(Human Rights in China)ཞེས་པའི་ཚོགས་པའི་འགན་འཛིན་དང་། མཉམ་སྦྲེལ་རྒྱལ་ཚོགས་མནར་གཅོད་སྡེ་ཚན་གྱི་འགན་འཛིན། ཨ་རིར་ཞུགས་མཁན་དེ་སྔ་རྒྱ་ནག་གི་ཁྲིམས་རྩོད་པ་ཡིན་པ། རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་ཁྲིམས་ རྩོད་པའི་ནང་མི། ཤར་ཏུར་ཀི་སི་ཐན་ཚོགས་པའི་སྐུ་ཚབ། རྩོམ་པ་པོ་དང་། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་འདྲ་མིན་གྱི་སྐུ་ཚབ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས། དེ་བཞིན་བྱང་ཨ་རི་སྐུ་ཚབ་དོན་གཅོད་མཆོག་དང་། སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་བཅས་སྐུ་མགྲོན་༡༠༠ ལྷག་ཙམ་གདན་ཞུ་གནང་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་། དཀའ་ངལ་འཕྲད་བཞིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་ད་ལྟའི་གནས་སྟངས། གཙོ་བོ་ཕྱི་ལོ་ ༢༠༡༥ལོའི་ཟླ་བ་༧ ཚེས་༩ ཉིན་རྒྱ་ནག་གཞུང་གིས་རྒྱ་རིགས་ཁྲིམས་རྩོད་པ་གསུམ་བརྒྱ་ལྷག་ཙམ་ལ་འཇུ་བཟུང་དང་། བཀག་ཉར། མནར་གཅོད་བཅས་བྱས་པའི་བདུན་ཀླད་ཀོར་དགུ་(༧༠༩)ཞེས་པའི་དོན་རྐྱེན་ལ་དྲན་གསོ་གནང་ཡོད་པ་རེད།

སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ནས་གསུང་བཤད་གནང་སྐབས། བོད་ནང་གི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཤིན་ཏུ་ཞན་པའི་སྐོར་གསུང་པ་དང་འབྲེལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་རྣམས་ལ་དཀའ་ངལ་འཕྲད་དང་འཕྲད་བཞིན་པར་གདུང་སེམས་མཉམ་བསྐྱེད་གནང་བ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་བྱས་ནས་བོད་མི་མང་པོར་འཇུ་བཟུང་དང་། བཙོན་འཇུག བཀག་ཉར། ཚ་འདྲི་བཅས་བྱས་ནས་དཀའ་ངལ་འཕྲད་བཞིན་པའི་སྐབས་རྒྱ་རིགས་ཁྲིམས་རྩོད་པ་ཚོས་ཉེན་ཁར་འཛེམས་མེད་ཀྱིས་བོད་མིར་ཁྲིམས་ཐོག་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་ནས་ཁང་ནས་ཉེ་ཆར་རྒྱ་རིགས་ཁྲིམས་རྩོད་པས་བོད་པར་ཁྲིམས་ཐོག་གི་རྒྱབ་སྐྱོར་གནང་བའི་སྐོར་གྱི་གནས་ཚུལ་ཕྱོགས་སྒྲིག་བྱས་པའི་དེབ་ཅིག་རྒྱ་རིགས་འབྲེལ་མཐུད་པ་བརྒྱུད་ཁྲིམས་རྩོད་པ་ཐང་པེའོ་(Teng Biao)ལ་ཕུལ་ནས་ཐུགས་རྗེ་ཆེ་ཞུ་མཚོན་པ་གནང་ཡོད། བོད་རང་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ནས་ཀྱང་རྒྱ་རིགས་ཁྲིམས་རྩོད་པར་གདུང་སེམས་བསྐྱེད་དང་བོད་དང་། ཤར་ཏུར་ཀི་སི་ཏན་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཤིན་ཏུ་སྐྱོ་པོ་ཡིན་པའི་སྐོར་གསུང་ཡོད་པ་རེད། དེ་བཞིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་ཉིན་མོ་ཐེངས་གཉིས་པ་ཞེས་པའི་འདུ་འཛོམས་དེ་ནི་རྒྱ་རིགས་ཁྲིམས་རྩོད་པ་ཐང་པེའོ་(Teng Biao)དང་། ཀྲོའུ་ཕུང་སོ།(Zhou Fengsuo) ཚའོ་ཡ་ཞོལ།(Cao Yaxue) གསུམ་ནས་གཙོ་བོ་འགོ་ཁྲིད་དེ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཉི་བཤུ་ཙམ་མཉམ་རུབ་ཐོབ་གྲ་སྒྲིག་བྱས་པ་ཞིག་ཡིན་འདུག