23
Tue, Apr

ཨ་རིའི་ཕྱི་འབྲེལ་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་མཇལ་འཕྲད་སྐབས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

རྒྱ་ནག་གཞུང་གིས་ངེས་པར་དུ་ཏཱ་ལའི་བླ་མ་དང་ཡང་ན་ཁོང་གི་སྐུ་ཚབ་མཉམ་དུ་བོད་དོན་གྲོས་མོལ་བྱེད་དགོས་ཡོད་ཅེས་ཨ་རིའི་གྲོས་ཚོགས་གོང་མའི་དྲི་བར་ལན་འདེབས་གནང་ཡོད་འདུག་ཅེས་ཨ་རིའི་ཕྱི་འབྲེལ་དྲུང་ཆེ་མཱ་ཡི་པཱོམ་པེའོ་ཡིས་བཤད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༤་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཨ་རིའི་ཕྱི་འབྲེལ་དྲུང་ཆེ་མཱ་ཡི་པཱོམ་པེའོ་རྣམ་གཉིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་མཇལ་འཕྲད་གནང་ཡོད་འདུག་ལ། སྲིད་འཛིན་ཞི་ཅིན་ཕིང་གིས་ཞི་ཅིན་ཕིང་གིས་རྒྱ་ནག་དང་ཨ་རི་གཉིས་ལ་འཛམ་གླིང་གི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་གི་དར་རྒྱས་གོང་འཕེལ་ལ་ཡར་སྐུལ་གཏོང་བའི་ཐད་ནས་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་ལྡན་པར་མ་ཟད། འོས་འགན་གལ་ཆེན་ཕྲག་སྟེང་དུ་བླངས་ཡོད་ཅེས་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ནི་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་དོན་ཆེན་སྒྲུབ་པར་ཕན་པ་ཡོད་པས། རེ་བ་ཡིན་ན་ཕྱོགས་གཉིས་ཀྱི་ཚོགས་པ་སོ་སོས་བདག་དང་སྲིད་འཛིན་ཊོམགཉིས་པེ་ཅིན་ནས་གྲོས་མོལ་བྱེད་སྐབས་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གཞིར་བཟུང་སྟེ། མཐུན་སྦྱོར་ལ་ཤུགས་སྣོན་པ་དང་ཡིད་ཆེས་ལ་སྐུལ་འདེད་གཏོང་བ། འགལ་བ་བདག་དམ་བྱེད་པ། མཉམ་ལས་རྒྱ་སྐྱེད་པ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས་ཞེས་བཤད།

ཞི་ཅིན་ཕིང་གིས་མུ་མཐུད་དུ་རྒྱ་ནག་དང་ཨ་རིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་བརྒྱུད་རིམ་གྱིས་ང་ཚོར་བློ་འབྱེད་གལ་ཆེན་ཞིག་བསྩལ་ཡོད་པ་ནི། ཐོག་མཐའ་བར་གསུམ་དུ་ཕན་ཚུན་གྱི་འཐབ་ཇུས་བསམ་ཕྱོགས་ལ་ལྟ་ཚུལ་ཡང་དག་འཛིན་པ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ལ་བརྩི་བཀུར་དང་རོགས་རམ་བྱེད་རྒྱུ་དེ་རེད། རྒྱ་ནག་ཕྱོགས་ནས་ཨ་རི་ཕྱོགས་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་གང་ཡོད་བཏོན་ནས་ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་འབྲེལ་བ་མངོན་འགྱུར་བྱེད་འདོད་ཡོད་ཅེས་བཤད་ཡོད་འདུག

མཱ་ཡི་པཱོམ་པེའོ་ཡིས་ཐོག་མར་སྲིད་འཛིན་ཊོམ་གྱིས་སྲིད་འཛིན་ཞི་ཅིན་ཕིང་ལ་འཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱས་པ་དང་། ལྷག་པར་དུ་སྲིད་འཛིན་ཞི་ཅིན་ཕིང་གིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་སྟེང་བཏོན་པའི་ལྟ་ཚུལ་གལ་ཆེན་ལ་བཀའ་དྲིན་ཆེ་ཞུས།

མཱ་ཡི་པཱོམ་པེའོ་ཡིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཀྱིས་མཉམ་དུ་སྣེ་ཁྲིད་བྱས་པའི་འོག ཨ་རི་དང་རྒྱ་ནག་གི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཨ་རིའི་ཕྱོགས་ནས་རྒྱ་ནག་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་ཕྱོགས་དང་མཉམ་དུ་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་འབུར་ཐོན་གནད་དོན་ལེགས་བཅོས་བཟང་བོ་བྱེད་པ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་སྤྱི་དང་ས་གནས་ཀྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད། ཨ་རིས་རྒྱ་ནག་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐག་གཅོད་པའི་ཐད་ལ་བཏོན་པའི་ནུས་པ་གལ་ཆེན་ལ་བསྟོད་བསྔགས་བྱེད་བཞིན་ཡོད་པ་དང་། རྒྱ་ནག་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་ཡུན་རིང་ཞི་བདེ་ཡོང་བ་མངོན་འགྱུར་བྱེད་པར་ཡར་སྐུལ་གཏོང་འདོད་ཡོད་ཅེས་བཤད་ཡོད་འདུག ཡིན་ཡང་། ཕྱི་ཚེས་༡༣་ཉིན་མཱ་ཡི་པཱོམ་པེའོ་ཡིས་རྒྱ་ནག་གཞུང་གིས་ངེས་པར་དུ་ཏཱ་ལའི་བླ་མ་དང་ཡང་ན་ཁོང་གི་སྐུ་ཚབ་མཉམ་དུ་བོད་དོན་གྲོས་མོལ་བྱེད་དགོས་ཡོད་ཅེས་ཨ་རིའི་གྲོས་ཚོགས་གོང་མའི་དྲི་བར་ལན་འདེབས་གནང་ཡོད་འདུག