18
Thu, Apr

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་Mike Pompeo་མཆོག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

རྒྱ་ནག་གཞུང་ལ་བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་ལ་བརྩི་བཀུར་ཞུ་དགོས་པ་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཐག་གཅོད་དང་། འོས་སྤྲུལ་འདེམས་སྒྲུག་བྱ་རྒྱུའི་སྲོལ་རྒྱུན་ལམ་ལུགས་ལའང་ངེས་པར་དུ་བརྩི་འཇོག་ཞུ་དགོས་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡིག་པོམ་པིའོ་ཡིས་གསུངས།


དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བྱུང་བ་ལྟར་ན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡིག་པོམ་པིའོ་(Mike Pompeo)མཆོག་ལ། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་སླད་ཨ་རིའི་གཞུང་གི་སྲིད་བྱུས་ལངས་ཕྱོགས་ཇི་འདྲ་ཡིན་སྐོར་གྱི་དྲི་བར་ལན་འདེབས་གནང་དོན། “ཨ་རིའི་གཞུང་གིས་ཚད་མཐོའི་གཞུང་འབྲེལ་བརྒྱུད་ལམ་འོག་ནས་རྒྱ་ནག་གཞུང་ལ། ཆ་རྐྱེན་གང་ཡང་མེད་པའི་ཐོག་༸གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་ཐད་ཀར་གྲོས་མོལ་བརྒྱུད་ཕྱོགས་གཉིས་དབར་མི་མཐུན་པ་རྣམས་སེལ་ནས་བོད་ནང་གི་གནས་སྟངས་ཞི་འཇམ་དུ་གཏོང་དགོས། ཞེས་བསམ་ཚུལ་འདོན་རྒྱུ་དང་། ཕྱོགས་མཚུངས་རྒྱ་ནག་གཞུང་ལ་བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་ལ་བརྩི་བཀུར་ཞུ་དགོས་པ་མ་ཟད།

༸གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཐག་གཅོད་དང་། འོས་སྤྲུལ་འདེམས་སྒྲུག་བྱ་རྒྱུའི་སྲོལ་རྒྱུན་ལམ་ལུགས་ལའང་ངེས་པར་དུ་བརྩི་འཇོག་ཞུ་དགོས། ཞེས་ལན་འདེབས་གནང་བ་མ་ཟད། བོད་ནང་གི་ཆོས་དད་རང་དབང་གིས་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དང་། ཨ་རི་བ་ཚོ་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་རྒྱུར་དམ་བསྒྲགས་བཀག་སྡོམ་བྱེད་བཞིན་པ། དེ་བཞིན་བོད་མིའི་ཆབ་སྲིད་བཙོན་པ་གློད་བཀྲོལ་གྱི་གནད་དོན་སྐོར་དྲི་བར་ལན་འདེབས་གནང་དོན། ངས་ཨ་རིའི་གསར་འགོད་པ་དང་། མང་ཚོགས། གྲོས་ཚོགས་འཐུས་མི། མཁས་དབང་བཅས་བོད་རང་སྐྱོང་ལྗོངས་ཀྱིས་གཙོས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་འགོག་རྐྱེན་གང་ཡང་མེད་པར་རང་དབང་ཐོག་ནས་འགྲོ་སྐྱོད་ཆོག་པ་ཞིག་བྱ་རྒྱུ་ཡིན།

ལར་ནས་ངས་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་སྲིད་བྱུས་(Tibetan Policy Act )ཞེས་པ་ལག་བསྟར་རྒྱུན་སྐྱོང་ཡོང་སླད། རྒྱ་ནག་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། དེ་བཞིན་སྐད་ཡིག་སྲུང་སྐྱོབ་སོགས་བོད་མིའི་ཐུན་མིན་ལེགས་བྱང་ཐོག་དམ་བསྒྲགས་བྱེད་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་ཡོང་སླད་ངས་རྒྱ་ནག་དཔོན་རིགས་ཚོ་དང་ལྷན་གོ་བསྡུར་བྱ་རྒྱུ་ཡིན། ལྷག་པར་བོད་མི་ཆབ་སྲིད་བཙོན་པ་རྣམས་མགྱོགས་མྱུར་གློད་བཀྲོལ་ཡོང་ཆེད་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག