24
ཕུར་བུ།, ཟླ་དགུ་པ།

༢༠༢༡་ལོའི་སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་རྡོ་ལགས། པར། ཁོང་གི་ངོ་དེབ་ལས་བླངས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༢་ཉིན། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག འཐབ་རྩོད་གཅིག་གི་ངོ་བོ་བརྟན་པོར་བསྲུངས་ཏེ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ཡོང་བར་ནུས་ཤུགས་འདོན་ངེས་ཡིན། ཞེས་༢༠༢༡་ལོའི་སྲིད་སྐྱོང་འོས་མིར་ལང་རྒྱུའི་དངོས་སུ་ཁྱབ་བསྒྲགས་བྱས་སོང་།

དེ་ཡང་། བཙན་བྱོལ་བོད་མིའི་མང་གཙོ་ཉིན་མོར་སྐལ་རྡོར་ལགས་ཀྱིས་ངོ་དེབ་བརྒྱུད་ནས་ཁོང་གིས་དངོས་སུ་༢༠༢༡་ལོའི་སྲིད་སྐྱོང་ཀྱི་འོས་མིར་ལང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་སོང་། དེའི་སྐབས་གལ་སྲིད་ཁོང་སྲིད་སྐྱོང་ལ་བདམས་པ་ཡིན་ན་གནད་དོན་ཆེན་མོ་ལྔའི་སྒང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། དང་པོ། བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གོང་མཐོར་གཏོང་རྒྱུ། གཉིས་པ། དབུས་བོད་མིའི་སྒྲིག་འཛུགས་དེང་རབས་ཅན་དུ་བསྒྱུར་རྒྱུ། གསུམ་པ། ཤེས་ཡོན་ལེགས་བཅོས། བཞི་པ། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དར་སྤེལ། ལྔ་པ། དཔལ་འབྱོར་སྲ་བརྟན་དང་གོང་སྤེལ། བཅས་ཡིན། ཞེས་བརྗོད་སོང་།

ཁོང་གིས་དྲ་ལམ་བརྒྱུད་ནས་གསལ་བསྒྲགས་སྤེལ་དོན། གུས་པས་ལོ་ངོ་ཉེར་གསུམ་ལྷག་གི་རིང་བོད་མིའི་རང་དབང་འཐབ་རྩོད་དང་སྤྱི་ཚོགས་ཡར་རྒྱས་ཆེད་ལས་ཀ་བྱས་པ་ཡིན། ལྷག་པར་དུ་ཕྱི་ལོ་ ༢༠༡༡ ནས་ ༢༠༢༠ བར་དབུས་བོད་མིའི་སྒྲིག་འཛུགས་ནང་དུ་ཞབས་ཞུ་ཞུས་པ་ཡིན། ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གི་དམིགས་བསལ་སློབ་སྟོན་པ་དང། དེ་ནས་བྱང་ཨ་རིའི་༧གོང་ས་མཆོག་གི་སྐུ་ཚབ་དོན་གཅོད། དེའི་རྗེས་སུ་དཔལ་འབྱོར་ལས་ཁུངས་ནང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་བྱས་པ་བཅས་གལ་གནད་ཆེ་བའི་ལས་གནས་ཁག་གསུམ་གྱི་ནང་དུ་དབུས་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་ཐོབ་བྱུང་། ཞབས་ཞུའི་གོ་སྐབས་དེ་དག་བརྒྱུད་ངས་བོད་ཀྱི་རང་དབང་འཐབ་རྩོད་དང་བོད་མིའི་སྤྱི་ཚོགས་གཉིས་ཀྱིས་གདོང་ལེན་བྱེད་དགོས་པའི་དཀའ་གནད་ཁག་དང་ང་ཚོའི་དགོས་མཁོ་ཅི་ཡིན། ང་ཚོ་ལ་གོ་སྐབས་ཅི་ཡོད། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་འོས་འགན་སོགས་གསལ་ཞིང་རྒྱས་པ་ཤེས་རྟོགས་བྱུང་ཡོད། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་རྒྱང་གཟིགས་ཀྱིས་ ༢༠༡༡ ལོ་ནས་སྲིད་དབང་ཆ་ཚང་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་དབུ་ཁྲིད་ལ་བསྩལ་བའི་བཀའ་དྲིན་བསྐྱངས་གནང་མཛད་པར་བརྟེན་དབུས་བོད་མིའི་སྒྲིག་འཛུགས་ལ་འོས་འགན་ཤིན་ཏུ་ཆེན་པོ་ཡོད། ངས་འོས་བསྡུའི་ལས་རིམ་འདིའི་ཁྲོད་དུ་བོད་མི་ཡོངས་ནས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག འཐབ་རྩོད་གཅིག་གི་ངོ་བོ་བརྟན་པོར་བསྲུངས་ཏེ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ཡོང་བར་ནུས་ཤུགས་འདོན་ངེས་ཡིན། སྲིད་སྐྱོང་གི་ལས་ཡུན་རིང་རང་ངོས་ནས་ཆབ་སྲིད་དང་རིག་གཞུང་། དཔལ་འབྱོར་བཅས་རྒྱུན་གནས་གོང་འཕེལ་ཡོང་ཐབས་སུ་ཤུགས་སྣོན་བརྒྱག་ངེས་ཡིན་ལ་ད་ལྟའི་བཀའ་ཤག་གི་ལས་དོན་རྣམས་ཚུལ་བཞིན་རྒྱུན་སྐྱོང་དང་ལྔ་དང་ལྔ་བཅུའི་འཆར་སྣང་ལ་གལ་གནད་ཆེ་བར་བརྩིས་ནས་གནས་རིམ་གང་ཅིའི་ཐད་ལ་གཞོན་སྐྱེས་ཚོ་མཉམ་ཞུགས་དང་ལས་འགན་ཇེ་ཆེར་གཏོང་རྒྱུ་བཅས་ཡིན།

གལ་སྲིད་ང་སྲིད་སྐྱོང་ལ་བདམས་པ་ཡིན་ན་ངས་གནད་དོན་ཆེན་མོ་ལྔའི་སྒང་ལ་ཤུགས་སྣོན་བརྒྱག་ངེས་ཡིན།

༡༽ བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གོང་མཐོར་གཏོང་རྒྱུ། བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་བྱས་ཏེ་བོད་མིའི་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་རྒྱུན་གནས་གོང་མཐོར་གཏོང་རྒྱུ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གལ་ཆེ་ཤོས་དེ་ཡིན། དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ནུས་ཤུགས་ཇེ་ཆེར་གཏོང་བར་གནད་འགག་ཆེ་བའི་ས་ཁུལ་ལྡི་ལི་དང། ཝ་ཤིང་ཊོན། བྷར་སིལ། ཐེ་པེ་སོགས་ལ་ཡན་ལག་ཁང་འཛུགས་རྒྱུ་དང་རྒྱ་གར་དང་ཨེ་ཤེ་ཡའི་ནང་ཁུལ་ནས་ཀྱང་བོད་དོན་རྒྱབ་སྐྱོར་བ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། གཞི་རྒྱ་ཆེ་བའི་དྲིལ་བསྒྲགས་ལས་འགུལ་སྤེལ་ཏེ་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་བདེན་དཔང་ར་སྤྲོད་གསལ་པོར་བྱ་རྒྱུ་ཡིན་ཞིང་ལས་འགུལ་དེས་ད་ལྟའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ནུས་པ་སྔར་ལས་ལྷག་པ་ཐོན་པར་ཕན་ཐོགས་འབྱུང་ངེས་རེད། དེ་བཞིན་ད་ཡོད་དྲིལ་བསྒྲགས་གྱི་ལས་རིམ་ཁག་བསྐྱར་སྒྲིག་དང་ལེགས་བཅོས་བྱེད་དགོས་ཤིང་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དང་བོད་མིའི་སྒྲིག་འཛུགས་ལ་བོད་ཡིག་གི་བརྒྱུད་ལམ་བརྡ་འཕྲིན་དྲྭ་རྒྱའི་འཛིན་སྐྱོང་གི་ནུས་པ་མང་ཙམ་སྤྱད་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ཤེས་རྟོགས་སླ་བ་དང་སྒྲིག་འཛུགས་ལ་ཆེ་མཐོང་དང་རྒྱབ་སྐྱོར་མང་བ་ཐོབ་ཐབས་བྱེད་དགོས།

༢༽ དབུས་བོད་མིའི་སྒྲིག་འཛུགས་དེང་རབས་ཅན་དུ་བསྒྱུར་རྒྱུ། དེང་རབས་བརྡ་འཕྲིན་འཕྲུལ་ཆས་ཀྱི་ནུས་རྩལ་ལ་བརྟེན་པའི་འཛིན་སྐྱོང་བྱ་ཐབས་ཀྱི་འཆར་གཞིའི་འོག་དབུས་བོད་མིའི་སྒྲིག་འཛུགས་འདི་བཞིན་ཕྱི་ནང་གཉིས་ནས་དེང་དུས་དང་མཐུན་པ་བཟོས་ཏེ་དཔྱ་དངུལ་བསྡུ་ལེན་དང་འཕྲོད་བསྟེན་བརྟག་དཔྱད། དྲྭ་ལམ་སློབ་སྦྱོང་སོགས་ཀྱི་ཐད་བཙན་བྱོལ་བོད་མིར་ཞབས་ཞུ་སྒྲུབ་རྒྱུ་དང་ཕྱི་མི་ལ་འབྲེལ་མཐུད་བྱེད་ཕྱོགས་ཡར་རྒྱས་གཏོང་དགོས། བརྡ་འཕྲིན་འཕྲུལ་ཆས་ཀྱི་ནུས་པ་ལ་བརྟེན་ནས་འཛིན་སྐྱོང་(Digital governance)བྱེད་ཐུབ་ན་དབུས་བོད་མིའི་སྒྲིག་འཛུགས་དེ་ཉིད་དེང་རབས་དང་མཐུན་ཞིང་རྒྱལ་སྤྱིའི་ཁྱོན་ཡོངས་ལ་སྙོབ་ཐུབ་པའི་དགེ་མཚན་ཆེན་པོ་ཡོད་པ་ཡིན། ལས་དོན་ཐག་གཅོད་བྱེད་ཕྱོགས་ཀྱི་ཐོག་ལ་གནད་དོན་ཁ་ཤས་གཤམ་འོག་ལས་བྱེད་ལ་དབང་ཆ་མང་ཙམ་སྤྲོད་རྒྱུ། གལ་ཆེའི་ལས་དོན་དང་ཞབས་ཞུ་ཁག་བཙན་བྱོལ་བོད་མི་ཡོད་སའི་རྒྱལ་ཁབ་ཚང་མའི་ནང་ལ་དུས་ཐོག་ཏུ་ཁྱབ་ཐུབ་པ་དགོས་ལ་སྲ་བརྟན་དང་རྒྱུན་གནས་ཐུབ་པའི་དཔལ་འབྱོར་གྱི་ཡོང་ཁུངས་བཙལ་ཏེ་གཞན་གྱི་རྒྱབ་སྐྱོར་དང་རོགས་དངུལ་ཁོ་ནར་བརྟེན་པའི་གོམས་གཤིས་རྣམས་རིམ་པས་དོར་ནས་གཞུང་སྒེར་མཉམ་འབྲེལ་ཐོག་མ་རྩ་འཛུགས་རྒྱུའི་ལས་གཞི་སྤེལ་རྒྱུ་ཡིན།

༣༽ ཤེས་ཡོན་ལེགས་བཅོས། བཙན་བྱོལ་བོད་མིའི་ཤེས་ཡོན་ལམ་ལུགས་ཀྱི་དམིགས་གཏད་ནི་སྤུས་ཚད་ལྡན་པའི་ཤེས་ཡོན་སྤྲོད་ཐབས་ཁོ་ན་ཡིན་དགོས། རྨང་གཞིའི་སློབ་གསོའི་ལམ་ལུགས་སྤུས་ཇེ་ལེགས་དང་ལྷག་པར་དུ་༧སྐྱབས་མགོན་རིན་པོ་ཆེས་གསུངས་བའི་འཇིག་རྟེན་ཀུན་ཁྱབ་འགན་ཁུར་སོགས་སློབ་གྲྭའི་བསླབ་གཞིར་བསྣན་དགོས། ཤེས་ཡོན་སྐོར་གནད་དུ་སྨིན་པའི་སྲིད་ཇུས་ལམ་སྟོན་དང་གྲུབ་འབྲས་ལ་བསྐྱར་ཞིབ་ཀྱིས་བྱ་བར་དབང་ཚད་ལྡན་པའི་ཤེས་ཡོན་ལྷན་ཚོགས་ཞིག་ཆེད་འཛུགས་ཞུ་རྒྱུ། ད་ཡོད་སློབ་གྲྭ་ཁག་དགོས་དམིགས་ཀྱིས་ཟླ་སྒྲིལ་བཏང་ནས་སྤུས་ཚད་ལྡན་པའི་སློབ་གྲྭ་བཅོ་ལྔ་ནས་ཉི་ཤུ་སྐོར་ཞིག་སྒྲིལ་རྒྱུ་དང་། དེ་བཞིན་སློབ་གྲྭ་གཉིས་སམ་དེ་ལས་མང་བ་ཁག་ཅིག་ཚད་མཐོའི་ཤེས་ཡོན་གྱི་བསྟི་གནས་ཁང་དུ་བསྒྱུར་ནས་ནུབ་ཕྱོགས་སུ་ཡོད་པའི་བོད་པའི་སློབ་མ་རྣམས་ཀྱང་འགྲོ་ས་ཞིག་བཟོ་རྒྱུ་ཡིན། དེ་བཞིན་བརྡ་འཕྲིན་འཕྲུལ་ཆས་ཀྱི་སློབ་ར་དང་༼E-learning༽དང་བརྡ་འཕྲིན་ལྟེ་གནས་ཁང་ཞིག་གསར་འཛུགས་ཞུ་དགོས། ཤེས་ཡོན་སློབ་སྦྱོང་སྤུས་ཚད་ལྡན་པ་ཡོང་ཆེད་གསར་སྐྱེས་བྱིས་པ་ནས་ལོ་ལྔ་བར་གྱི་ཕྲུག་གུར་དམིགས་པའི་བྱིས་པའི་འཚར་ལོངས་དང་འབྲེལ་བའི་ལས་གཞི་སྤེལ་བ་དང། མི་རབས་རྗེས་མའི་མ་དངུལ་༼Next Generation Fund༽ཞེས་པ་ཞིག་གསར་འཛུགས་བྱ་རྒྱུ་ཡིན།

༤༽ བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དར་སྤེལ། དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ལ་དུས་དང་འཚམ་པའི་ལེགས་བཅོས་གཏང་སྟེ་རིག་གནས་དང་འབྲེལ་བའི་ལས་དོན་མང་དུ་ཐོངས་ནས་དེ་དག་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་ཤུགས་ཆེ་རུང་གཏོང་དགོས། བོད་ཀྱི་སྐད་ཡིག་གོང་འཕེལ་གཏོང་ཐབས་སུ་སྐད་ཡིག་གི་ཐེབས་རྩ་(Language Fund) འཛུགས་རྒྱུ་དང་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་ཐོག་དམིགས་ཡུལ་ལྡན་པའི་ལས་གཞི་སྤེལ་དགོས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དགོན་སྡེ་ཁག་དང་མཉམ་དུ་བོད་ཀྱི་ཆོས་ལུགས་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་ཡོང་བར་མཉམ་ལས་གནང་རྒྱུ། བོད་ཀྱི་གསོ་བ་རིག་པ་དང་ཕྱི་ལུགས་ཟུང་འབྲེལ་ཐོག་གཞི་རྒྱ་ཆེ་བའི་འཕྲོད་བསྟེན་ལྟ་སྐྱོང་གྱི་ལས་གཞི་སྤེལ་རྒྱུ་དང་བོད་བརྒྱུད་ནང་བསྟན་གྱི་བསླབ་བྱ་ལ་བརྟེན་ནས་སེམས་ཁམས་བདེ་ཐང་དང་འབྲེལ་བའི་ལས་གཞི་མང་ཙམ་སྤེལ་དགོས། རིག་གཞུང་དང་སྐད་ཡིག་གོང་འཕེལ་གྱི་ལས་གཞི་ཁག་བཙན་བྱོལ་བོད་མི་གང་དུ་ཡོད་པའི་རྒྱལ་ཁབ་ཚང་མར་ཁྱབ་ཐུབ་པ་བྱེད་རྒྱུ།

༥༽ དཔལ་འབྱོར་སྲ་བརྟན་དང་གོང་སྤེལ། བཙན་བྱོལ་བོད་མིའི་དཔལ་འབྱོར་རྒྱུན་གནས་སྲ་བརྟན་གཏོང་ཐབས་སུ་དབུས་བོད་མིའི་སྒྲིག་འཛུགས་ནས་སྒེར་གྱི་ཁེ་ལས་ཚོགས་སྡེ་ཁག་དང་མཉམ་འབྲེལ་མང་ཙམ་བྱ་རྒྱུ་དང་རྒྱ་གར་དང་བལ་ཡུལ་ནང་གི་གཞིས་ཆགས་ཁ་ཤས་ནང་དུ་ཁོར་ཡུག་དང་མཐུན་པའི་ཡུལ་སྐོར་ལས་གཞི་(Ecotourism programs)སྤེལ་དགོས། ཡང་གཞིས་ཆགས་ཁ་ཤས་ཡར་ཐོན་གྲོང་སྡེ་(Smart Settlements) རུ་བསྒྱུར་ཐབས་བྱེད་དགོས། དེ་བཞིན་གངས་ལྗོངས་ཞབས་ཞུ་ཁང་(Gangjong Development Finance) དེ་བུན་གཡར་དངུལ་ཁང་(Small Finance Bank)ཞིག་ཏུ་བསྒྱུར་ཐབས་སུ་མུ་མཐུད་མ་དངུལ་འཇོག་རྒྱུའི་འབད་བརྩོན་བྱ་རྒྱུ། བཙན་བྱོལ་བོད་མིའི་ཚོང་ལས་ཚོགས་པ་དང་(Tibetan Refugee Traders Association) དང་བོད་མིའི་ཚོང་ལས་སྡེ་ཚོགས་ (Tibetan Chamber of Commerce)བཅས་མུ་མཐུད་ཡར་རྒྱས་གོང་འཕེལ་གཏོང་ཐབས་ལ་འབད་པ་བྱེད་རྒྱུ་ཡིན།

གོང་གསལ་གྱི་ལས་གཞི་ཁག་ནི་གཅིག་ལ་གཅིག་བརྟེན་ཡིན་པས། དེ་དག་འགྲུབ་ཐབས་སུ་དབུས་བོད་མིའི་སྒྲིག་འཛུགས་ནང་མི་རབས་གསར་པའི་མཉམ་ཞུགས་གནང་རྒྱུར་འབད་པ་ལྷག་ཏུ་བྱེད་དགོས་པ་མ་ཟད་ལོ་ན་ཆུང་བའི་གཞོན་སྐྱེས་ཤིག་བཀའ་བློན་གང་རུང་ཞིག་ལ་བསྐོ་བཞག་བྱེད་རྒྱུ་དང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ཏུ་ན་གཞོན་སྡེ་ཚན་ཞིག་གསར་འཛུགས་ཐོག་དེའི་འགན་འཛིན་དུ་དྲུང་ཆེའི་གནས་རིམ་དང་མཉམ་པའི་ན་གཞོན་ཞིག་གདམ་རྒྱུ། ལོ་ལྟར་དབྱར་ཀར་རྒྱལ་སྤྱིའི་ན་གཞོན་འགོ་ཁྲིད་ཀྱི་ལས་གཞི་ཞིག་སྤེལ་བ་བརྒྱུད་མི་རབས་གསར་པའི་འགོ་ཁྲིད་གསོ་སྐྱོང་བྱེད་རྒྱུ་དང། དེ་བཞིན་ལྔ་དང་ལྔ་བཅུའི་འཆར་སྣང་འོག་ན་གཞོན་གྱི་སྐུ་ཚབ་ལས་གཞིའི་ (Youth Ambassador Program) ནུས་ཤུགས་ཆེ་རུ་བཏང་ནས་ན་གཞོན་རྣམས་ཀྱིས་བོད་ཀྱི་སྐུ་ཚབ་མཚོན་ཐུབ་པ་མ་ཟད་བོད་ཀྱི་འཐབ་རྩོད་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འཁྱེར་ཐུབ་པ་བྱ་རྒྱུར་ཤུགས་སྣོན་བརྒྱག་དགོས།

ང་ཚོས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག འཐབ་རྩོད་གཅིག་གི་ངོ་བོ་བརྟན་པོར་བསྲུངས་ཏེ་བསམ་བློ་རྒྱ་ཆེ་སར་བཏང་ནས་གསར་གཏོད་ཀྱི་ལམ་ལ་གོམ་པ་མདུན་སྤོས་ཐོག་ཏུ་ནུས་པ་མཉམ་སྤུངས་ཀྱིས་བོད་མིའི་རང་དབང་དང་ཐོབ་ཐང་། ཆེ་མཐོང་བཅས་སླར་གསོ་བྱེད་དགོས་སོ།།