19
Fri, Apr

༢༠༢༠་ལོའི་ཟླ་༩་ཚེས་༢ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༢ཉིན། བཞུགས་སྒར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༦༠་འཁོར་བའི་ཉིན་མོ་སྲུང་བརྩི་གནང་བའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན། ལྷན་ཁང་ཁག་གི་དྲུང་ཆེ་སོགས་ཕེབས་གནང་འདུག དེའི་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་སོང་།

དེ་ཡང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་དོན། ༄༅། །འགྲོ་བ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ངོ་མཚར་རྨད་དུ་བྱུང་བའི་འཕྲིན་ལས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་ལམ་སྲོལ་དུ་བསྒྱུར་ནས། དེ་རིང་བོད་རྒྱལ་ལོ་ ༢༡༤༧ ཟླ་ ༧ ཚེས་ ༡༥ ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢ ཉིན་ལོ་ངོ་ ༦༠ ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གུས་ཕྱག་སྔོན་དུ་བཏང་སྟེ་གཞིས་བྱེས་བོད་མི་ཡོངས་དང་། བོད་དང་བོད་མིར་ཕན་གྲོགས་གནང་མཁན་གྱི་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག ཞི་བདེ་ལ་དགའ་མོས་བྱེད་མཁན་རྒྱལ་སྤྱིའི་མང་ཚོགས་ཡོངས་ལ་བོད་མིའི་མང་གཙོ་དབུ་བརྙེས་པའི་ཉིན་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མཛའ་བརྩེའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

མང་གཙོའི་རིང་ལུགས་ནི་མིའི་རིགས་ཀྱི་ལོ་རྒྱུས་བྱུང་རབས་ནང་བཙན་གཉོམ་དང་། དབུལ་ཕྱུག ཕོ་མོ། རིགས་རྒྱུད་སོགས་མིའི་སྤྱི་ཚོགས་སུ་མཆོག་དམན་གྱི་དབྱེ་བ་འབྱེད་པའི་འདུ་ཤེས་དེ་མེད་པར་བྱས་ནས། སྤྱི་ཡོངས་སམ་ཐུན་མོང་ལ་ལྟ་བའི་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་ཏུ་འགྱུར་བར་མི་མང་གི་འདོད་མོས་གཙོ་བོར་འཛིན་པའི་རིང་ལུགས་ཤིག་ཡིན་ལ། རླབས་ཆེན་གྱི་རིང་ལུགས་དེ་འདྲ་ཞིག་མངོན་འགྱུར་ཡོང་ཆེད་འཛམ་གླིང་རྒྱལ་ཁབ་ཁག་གི་ལོ་རྒྱུས་བརྒྱུད་རིམ་ཁྲོད། དམག་འཁྲུག་དང་། འོས་ལངས། འཐབ་རྩོད་བཅས་ཀྱི་མཇུག་འབྲས་ཁོ་ནས་རྒྱལ་ཕམ་ཐག་གཅོད་བྱས་ཏེ། མི་མང་གི་དབང་བསྒྱུར་ནུས་ཤུགས་མངོན་འགྱུར་བྱེད་ཐབས་གནང་དང་གནང་མུས་སུ་ཡོད་མོད། བོད་མིའི་སྤྱི་ཚོགས་ནང་གི་མང་གཙོ་ནི་མང་ཚོགས་ནས་འཐབ་རྩོད་འཁྲུག་སློང་སོགས་རྔུལ་ཁྲག་གི་འགྲོ་གྲོན་ཕྲ་མོ་ཙམ་ཡང་བཏང་མ་དགོས་པར་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་ལ་གསོལ་བསྩལ་གནང་བ་ཞིག་ཡིན།

༸གོང་ས་མཆོག་གིས་སྐུ་ན་ཕྲ་མོའི་དུས་ནས་བོད་ཀྱི་སྤྱི་ཚོགས་ལམ་སྲོལ་ལ་དུས་དང་འཚམས་པའི་སྒྱུར་བཅོས་དགོས་གལ་གཟིགས་ཏེ་བོད་རྒྱལ་ཁབ་ཆེན་པོའི་ལུགས་གཉིས་ཐུགས་འགན་བཞེས་རྗེས་ཕྱི་ལོ་ ༡༩༥༢ ལོར་ལེགས་བཅོས་ལས་ཁུངས་ཟུར་འཛུགས་དང་། ཕྱི་ལོ་ ༡༩༥༤ ལོའི་ལོ་མཇུག་ཏུ་ལྷ་སར་གྱོད་ཞིབ་ལས་ཁུངས་ཆེད་འཛུགས་མཛད་པ་སོགས་ཆབ་སྲིད་ཀྱི་ལམ་ལུགས་རྙིང་པར་བཅོས་སྒྲིག་ཚུལ་བཞིན་མཛད་པའི་རྨད་བྱུང་ཐུགས་བསྐྱེད་ཟབ་མོའི་རླབས་ཆེན་མཛད་བཟང་རིམ་པར་བསྐྱངས་པའི་ཐུགས་རྗེའི་གཟི་བྱིན་ཁོ་ནས་བོད་འབངས་རྣམས་ལ་བདེ་སྐྱིད་རྫོགས་ལྡན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ཐུགས་བརྩོན་ཆེར་བསྐྱེད་གནང་བཞིན་པའི་སྐབས། རྒྱ་ནག་དམར་ཤོག་གི་དབང་ཤུགས་དང་དྲག་གནོན་ཇེ་ཆེར་སོང་སྟེ་བོད་ཆོས་ལྡན་གྱི་ཞིང་ཁམས་དེ་ཉིད་ཡོངས་སུ་བཙན་བཟུང་བྱས་ཏེ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་གྱུར།

བཙན་བྱོལ་དུ་འབྱོར་རྗེས་འཚོ་གནས་ཀྱི་དཀའ་ཚེགས་སྣེ་འཛིང་བའི་སྐྱབས་བཅོལ་བའི་གནས་སྟངས་དེ་ལྟ་བུའི་འོག་ནས་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བཞེད་སྔོན་ཡོད་ལྟར། བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་མང་གཙོ་ཅན་དུ་བསྒྱུར་རྒྱུར་འཕྲལ་མྱུར་ཕྱག་བཞེས་བསྐྱངས་གནང་མཛད།

ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཙན་བྱོལ་བོད་མིའི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་སྐུ་ཚབ་ཚང་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས་པའི་སྐབས་༸གོང་ས་མཆོག་གིས་བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་གཞུང་ཞིག་འཛུགས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔར་མཇལ་ཕྱག་དམ་འབུལ་ཞུས་པ་ནས་བོད་མིའི་མང་གཙོའི་ལམ་ལུགས་དེ་ཐོག་མར་དབུ་བརྙེས་པ་ཞིག་ཡིན།

ཕྱི་ལོ་ ༡༩༦༡ ལོའི་ཟླ་ ༡༠ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་འགྲེམས་སྤེལ་དང་། དེར་མི་མང་གི་བསམ་འཆར་རྣམས་གཞི་རྟེན་དུ་མཛད་དེ་རྩ་ཁྲིམས་ཀྱི་དོན་ཚན་ཁག་ལ་སྣོན་འཕྲི་སྤོར་གཅོག་གནང་འོས་གནང་སྟེ་བཞུགས་སྒར་དུ་མི་མང་སེར་སྐྱ་སྤྱི་འཐུས་རྣམ་པར་ཡང་བཀའ་བསྡུར་དང་སྦྲགས་རྩ་ཁྲིམས་གཏན་འབེབས་མཛད་དེ་སླད་བོད་རང་བཙན་སླར་གསོ་བྱུང་མ་ཐག་ཐོག་མའི་རྩ་འཛིན་རྩ་ཁྲིམས་ཕྱག་ལེན་བསྟར་རྒྱུ་དང་། ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་གསུམ་བཅུའི་དུས་དྲན་ཐེངས་བཞི་པའི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ། བཙན་བྱོལ་དུ་གནས་འཁོད་བྱེས་འབྱོར་མི་མང་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་སྤྱི་འཐུས་འོས་འདེམས་ཞུ་རྒྱུས་མཚོན་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོ་མང་གཙོའི་ལམ་སྲོལ་ཐོག་དངོས་སུ་བསྒྱུར་གནང་མཛད་པ་དང་། ཕྱི་ལོ་ ༡༩༧༥ ལོའི་ཟླ་ ༩ ཚེས་ ༢ ཉིན་ནས་བཟུང་མང་གཙོའི་དུས་ཆེན་གཞུང་འབྲེལ་གྱིས་སྲུང་བརྩི་ཞུ་འགོ་ཚུགས་པ་ནས་ད་བར་སྲུང་བརྩི་ཞུ་མུས་ཡིན།

ཕྱི་ལོ་ ༡༩༨༠ འགོ་སྟོད་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོས་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུའི་ལམ་སྟོན་སྔ་རྗེས་ཕེབས་པ་མ་ཟད། འཛིན་སྐྱོང་གི་འགོ་འཁྲིད་སྲིད་བློན་བསྐོ་གཞག་དགོས་མིན་མང་ཚོགས་ལ་བསམ་ཚུལ་དྲི་བསྡུར་སོགས་རིམ་པར་མཛད་དེ། ཕྱི་ལོ་ ༡༩༩༠ ལོའི་ཟླ་ ༥ པའི་ནང་བཙན་བྱོལ་བོད་མིའི་མི་འཐུས་ ༣༦༩ ཙམ་འདུས་པའི་དམིགས་བསལ་ཚོགས་ཆེན་ཐོག་བར་བརྒལ་བཀའ་བློན་འོས་འདེམས་དང་སྤྱི་འཐུས་གྲངས་ཚད་སྤར་ཆ་གནང་རྒྱུ་སོགས་ཀྱི་གྲོས་ཆོད་བཞག་པ་དང་། ༸གོང་ས་མཆོག་གིས་རྩ་ཁྲིམས་ཟིན་བྲིས་བསྐྱར་ཞིབ་ཚོགས་ཆུང་ཐད་བསྐོས་བསྐྱངས་ཏེ། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ཞིང་། ཕྱི་ཟླ་ ༦ ཚེས་ ༢༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་གནང་བ་བཅས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་གཞི་རྩའི་ཁྲིམས་ཡིག་ཡོད་པའི་དེང་རབས་ཅན་གྱི་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་གནང་མཛད།

ཕྱི་ལོ་ ༢༠༠༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ནང་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་བཀའ་དགོངས་ལྟར་ཆབ་སྲིད་ཀྱི་འགན་དབང་ནས་ཕྱེད་བགྲེས་ཡོལ་དུ་ཕེབས་ཤིང་། ཆབ་སྲིད་ཀྱི་འགོ་འཁྲིད་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་འགོ་བཙུགས་ཏེ་མང་གཙོའི་འཕེལ་རིམ་ནང་མདུན་བསྐྱོད་ཆེན་པོ་ཞིག་བྱུང་ཡོད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ན་རིམ་གཞུང་གི་འགན་འཛིན་དང་། རྒྱལ་ཁབ་ཀྱི་དབུ་འཛིན་ཡིན་པའི་ཆ་རྐྱེན་བསྐྲུན་ཡོད་ཀྱང་། མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་ཕྱི་ལོ་ ༢༠༡༡ ལོར། བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩ་ཁོ་ནར་དགོངས་བཞེས་བླ་མེད་ཀྱིས་མི་ལོ་ ༤༠༠ མ་ཟིན་ཙམ་གྱི་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་སུ་རྫོགས་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་རྩིས་སྤྲོད་མཛད་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་ཁྲིམས་ལུགས་དབང་འཛིན་ལྡན་པའི་དེང་རབས་ཀྱི་མང་གཙོའི་ལམ་ལུགས་ཡང་དག་སྲ་བརྟན་ཅན་ཞིག་ཏུ་བསྒྱུར་གནང་མཛད་ཡོད།

བོད་མིའི་མང་གཙོའི་འཕེལ་རིམ་ཁྲོད་ད་ཕན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིས་གཙོས་ཁྲིམས་སྒྲིག་ཁག་ ༢༧ ཙམ་བསྐྱར་བཅོས་གཏན་འབེབས་ལེགས་གྲུབ་བྱུང་ཡོད། དེ་མཚུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་བྱང་དང་། སྤྱི་འཐུས་ཀྱི་གྲངས་འབོར། ལས་ཡུན་བཅས་ལ་རིམ་པས་འགྱུར་ལྡོག་མང་པོ་ཕྱིན་ཡོད། སྤྱི་འཐུས་ལྷན་ཚོགས་ཀྱི་ཨིན་ཡིག་ནང་གི་ཐོག་མའི་མཚན་བྱང་ Commission of Tibetan People’s Deputies ཞེས་པ་སྤྱི་འཐུས་སྐབས་བདུན་པའི་དུས་སུ་ Assembly of Tibetan People’s Deputies ཞེས་པར་ཕྱི་ལོ་ ༡༩༨༠ ཟླ་ ༡ ཚེས་ ༡༨ ནས་བསྒྱུར་བཅོས་གནང་། དེ་རྗེས་སྤྱི་འཐུས་སྐབས་བཅུ་བཞི་པའི་དུས་སུ་ Tibetan Parliament in Exile ཞེས་ཡང་བཅོས་གནང་བ་བཞིན་ད་ལྟའང་དེ་ལྟར་གནས་ཡོད། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོའི་ཨིན་ཡིག་ཐོག་གི་མཚན་བྱང་ Chairman and Vice Chairman ནས་ Speaker and Deputy Speaker ཞེས་པར་བསྐྱར་བཅོས་གནང་། སྤྱི་འཐུས་ཀྱི་གྲངས་ཚད་ཐོག་མར་བཅུ་གསུམ་དང་། རིམ་གྱིས་སྐབས་དུས་སོ་སོའི་དགོས་མཁོར་གཞིགས་པའི་སྣོན་འཕྲི་གནང་འོས་གནང་སྟེ་ད་ལྟའི་ཆར་ཆོལ་ཁ་གསུམ་ནས་སྤྱི་འཐུས་བཅུ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་སྤྱི་འཐུས་གཉིས་རེ། ཡུ་རོབ་དང་ལྷོ་ཨ་ཕི་རི་ཀའི་ཁུལ་ནས་གཉིས། ལྷོ་བྱང་ཨ་རིའི་ཁུལ་ནས་གཉིས། རྒྱལ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤེ་ཡ་དང་ཨོ་སི་ཊི་ལི་ཡའི་ཁུལ་ནས་གཅིག་བཅས་བསྡོམས་སྤྱི་འཐུས་གྲངས་ཚད་ ༤༥ བྱེད་ཀྱི་ཡོད། ལས་ཡུན་ཐད་སྤྱི་འཐུས་ལྷན་ཚོགས་སྐབས་ ༧ པའི་བར་ལོ་གསུམ་རེ་ཡིན་པ་དང་སྐབས་ ༨ པ་ནས་ལས་ཡུན་ལོ་ལྔ་རེར་སྤར་གནང་གིས་ད་ལྟའི་ཆར་ལས་ཡུན་ལོ་ལྔ་རེ་རང་འཇགས་གནས་ཡོད། མདོར་ན་འདས་པའི་ལོ་ངོ་བཅུ་ཕྲག་དྲུག་རིང་སྐབས་དུས་སོ་སོར་དགོས་མཁོར་གཞིགས་པའི་བོད་མིའི་མང་གཙོའི་ལམ་ལུགས་ལ་ལེགས་བཅོས་རིམ་གནང་གིས་མི་མང་གི་དབུ་འཁྲིད་སྲིད་སྐྱོང་དང་སྤྱི་འཐུས་མི་མང་རང་གིས་ཐད་ཀར་འོས་བསྡུའི་ལམ་ནས་འདེམས་བསྐོ་གནང་བ་དང་། སོ་སོའི་དབུ་འཁྲིད་བརྒྱུད་བདེ་སྡུག་དཀའ་སེལ་དང་མ་འོངས་པར་ལས་འཆར་བང་སྒྲིག་ཞུ་རྒྱུ་བཅས་ཀྱི་ཆེད་ལོ་འཁོར་གཅིག་ནང་ལས་བསྡོམས་ཀྱི་གྲོས་ཚོགས་དང་སྔོན་རྩིས་གྲོས་ཚོགས་ཞེས་གྲོས་ཚོགས་ཐེངས་གཉིས་ཚུགས་བཞིན་ཡོད། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ས་གནས་ཁྲིམས་ཞིབ་ཁང་དང་། ས་གནས་འཐུས་མིའི་ཚོགས་འདུ། ས་གནས་འགོ་འཛིན་ལས་ཁུངས། སྐུ་ཚབ་དོན་གཅོད་ཁང་། རང་བདེན་ཚོགས་ཆུང་བཅས་ཀྱི་སྒྲིག་འཛུགས་ཀྱང་སྲ་བརྟན་འཛུགས་ཐུབ་ཡོད། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་ས་གནས་འཐུས་ཚོགས་སུམ་ཅུ་སོ་བརྒྱད་དང་ཕྱི་རྒྱལ་དུ་གཅིག་བཅས་ཁྱོན་ས་འཐུས་སུམ་ཅུ་སོ་དགུ་དང་། ས་གནས་འགོ་འཛིན་ལས་ཁུངས་ལྔ་བཅུ། སྐུ་ཚབ་དོན་གཅོད་ཁང་བཅུ་གསུམ། རང་བདེན་ཚོགས་ཆུང་བདུན་ཅུ་དོན་ལྔ་བཅས་ཡོད། སྒྲིག་འཛུགས་དེ་དག་བརྒྱུད་བཙན་བྱོལ་བོད་མི་མང་ཚོགས་ཀྱིས་གཞི་རིམ་མང་གཙོའི་ཁེ་ཕན་ལོངས་སུ་སྤྱོད་མུས་དང་། གཞུང་གི་སྲིད་བྱུས་དབུ་མའི་ལམ་དེ་ཉིད་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བ་ཞིག་ཡིན། ང་ཚོ་བཙན་བྱོལ་བའི་གནས་སྟངས་དེ་འདྲ་ཞིག་གི་འོག་ནས་སོ་སོའི་ཆབ་འབངས་ཀྱི་དཀའ་སྡུག་སེལ་བའི་ཐབས་ལམ་དང་། གཞུང་གི་ལངས་ཕྱོགས་བཅས་མང་གཙོའི་ལམ་ནས་ཐག་གཅོད་གནང་ལམ་དེར་རང་དབང་ཡོད་པའི་འཛམ་གླིང་རྒྱལ་ཁབ་མང་པོས་ཡིད་སྨོན་དང་བསྔགས་བརྗོད་བྱས་དང་བྱེད་བཞིན་ཡོད།

ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༢༨ ནས་ ༢༩ བར་པེ་ཅིང་དུ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པ་ཟེར་བ་ཚོགས་ཏེ། ཞི་ཅིང་ཕིང་སོགས་རྒྱ་ནག་གི་འགོ་འཁྲིད་མཐོ་གྲས་རྣམས་དང་། བོད་རང་སྐྱོང་ལྗོངས་ཟེར་བ་སོགས་རྒྱ་ནག་གིས་བོད་ས་དུམ་བུར་བགོས་པའི་བོད་ཁུལ་གྱི་འགོ་འཁྲིད་མཐོ་གྲས་རྣམས་མཉམ་ཞུགས་བྱས་འདུག སྐབས་དེར་ཞི་ཅིང་ཕིང་གིས་“ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་ལ་འགན་སྲུང་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་རྒྱུར་འགན་སྲུང་། འབྱུང་ཁམས་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་འགན་སྲུང་། མཐའ་མཚམས་བརྟན་པོ་དང་མཐའ་མཚམས་བདེ་འཇགས་ཡོང་རྒྱུར་འགན་སྲུང་བཅས་བྱས་ཐོག མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱིས་ཕྱུག་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཞིག་འབད་པ་ཆེན་པོས་འཛུགས་སྐྲུན་བྱེད་དགོས།” སྐོར་དང་། “ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་ཁྲིམས་ལྟར་ཆོས་ལུགས་བྱ་དོན་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།” ཞེས་དང་། “བོད་ལྗོངས་ཀྱི་ལས་དོན་གྱིས་ངེས་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་འཛིན་ས་དང་ཤུགས་འདོན་སར་བརྩི་དགོས། མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱས་ནས། བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་སྲ་བརྟན་མཁར་གྱང་ཆགས་པ་བྱ་དགོས། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། བོད་ལྗོངས་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་གཏིང་ཟབ་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ལྟ་བ་དང་། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱ་དགོས།” ཞེས་སོགས་ཀྱི་གཏམ་བཤད་བྱས་འདུག་པས། ཚོགས་འདུ་དེ་ལ་བརྟེན་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དམ་དྲག་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏོང་རྩིས་མེད་པ་མ་ཟད། བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་། རིག་གནས་ལ་བསྒྱུར་བཅོས། ནང་བསྟན་ཆོས་ལུགས་ལ་བསྲེ་ལྷད་བྱ་རྒྱུ་བཅས་ཀྱི་སྐོར་དྲིལ་བསྒྲགས་རྒྱ་ཆེ་རུ་གཏོང་འཆར་གྱི་རྣམ་པ་མངོན་བཞིན་པར་བརྟེན་ཚོགས་འདུ་དེ་རིགས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྣམ་པ་སྟོན་བྱེད་ཙམ་དང་། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ལག་ཆ་ཞིག་ཏུ་གྱུར་ཡོད་པ་མངོན་གསལ་ཡིན།

མང་གཙོའི་ལམ་ལུགས་ངོམས་སུ་ཆོག་པ་དེ་དངོས་སུ་ལག་ལེན་དུ་བསྟར་སྐབས་རང་རྒྱལ་གཞན་ཕམ་གྱི་བསམ་བློ་དེ་ངེས་པར་དོར་དགོས་པ་ཡིན། ལྷག་པར་དུ་ཕྱི་ལོ་ ༢༠༢༡ ལོའི་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བའི་བོད་ཀྱི་ཡུལ་མི་རྣམས་ཀྱིས་མང་གཙོའི་འགན་དབང་ལོངས་སྤྱོད་ཚད་ལྡན་ཡོང་ཐབས་སུ། ཆོལ་ཁ་ཆོས་བརྒྱུད་ནང་ཁུལ་མཐུན་སྒྲིལ་ལ་དོ་ཕོག་འགྲོ་གཞི་དང་། ༸གོང་ས་མཆོག་གི་ཐུགས་དགོངས་འཁྲུག་གཞི། དེ་བཞིན་གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་ཉམས་དམས་སུ་འགྲོ་གཞི་བཅས་ཀྱི་བྱ་བ་བརྩམ་མི་རུང་བས་ཚང་མས་བླང་དོར་འགལ་འཛོལ་མེད་པ་དགོས་གལ། ལྷག་པར་དུ་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དབུ་འཁྲིད་བཟང་པོའི་འོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་། ཆོལ་གསུམ་ཡོངས་རྫོགས་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་གྱི་རྡོག་རྩ་གཅིག་ཏུ་བསྒྲིལ་བའི་གོང་བུའི་ནུས་པ་དེར་གཏོར་བཤིག་གཏོང་རྒྱུར་དམིགས་ཏེ་ཆེད་གཉེར་ལས་འགན་ཡོད་མཁན་ཉུང་ཤས་ཡོད་པ་དེ་དག་ལ་ཁ་གཏད་གཅོག་རྒྱུ་དང་། དེ་རིགས་ཀྱི་ལྷན་དུ་བསམ་མེད་བོད་མི་འགའ་ཤས་མགོ་སྐོར་བསླུ་བྲིད་འོག་སྐབས་རེར་ཚུད་ཉེན་ཆེ་བས་དོགས་ཟོན་ཆེར་བསྐྱེད་ཀྱིས་ཡིད་གཟབ་བྱ་རྒྱུ་ཚང་མར་འོས་འགན་ཡོད་པ་ལྟར་བསམ་ཤེས་ངེས་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཡི་དོན་རྐྱེན་བྱུང་སྟེ་ད་ཆ་ཟླ་གྲངས་ ༨ ལྷག་སོང་ཟིན་ནའང་། སྔོན་འགོག་སྨན་ཁབ་མེད་པ་དང་། འགོས་ནད་གཞན་དང་མི་འདྲ་བར་ཚོད་དཔག་ཐུབ་དཀའ་བའི་ནད་ཡམས་དེ་འཛམ་གླིང་ནང་གི་རྒྱལ་ཁབ་ཕལ་མོ་ཆེར་ད་དུང་དཀའ་ངལ་འཕྲད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། རྒྱ་གར་ནང་ལ་ཆ་བཞག་ན་ཐོག་མར་གཉན་རིམས་འགོས་ཁྱབ་བྱུང་བ་ནས་བཟུང་ཉི་མ་ནས་ཉི་མར་ཇེ་མང་དུ་འགྲོ་མུས་མ་ཟད་སྒོ་རྒྱ་བསྡམས་པ་ལྷོད་ཡངས་ཐེངས་བཞི་གནང་བའི་རྗེས་འབྲེལ་གྱིས་ནད་ཡམས་འགོས་ཁྱབ་ཇེ་མགྱོགས་ཀྱིས་གང་ཅིའི་གནས་སྟངས་ཉེན་ཚབས་ཆེ་བར་བརྟེན་ཚང་མས་ནད་ཡམས་སྔོན་འགོག་ཚུལ་མཐུན་ཡོང་བར་གནས་ཡུལ་རྒྱལ་ཁབ་སོ་སོའི་ལམ་སྟོན་བཀོད་ཁྱབ་གཞིར་བཟུང་ཐུགས་སྣང་ཆེར་བསྐྱེད་གནང་གལ། ནད་ཡམས་དེའི་རྐྱེན་པས་ད་ལན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༡༠ པ་ཕར་འགྱངས་ཞུ་དགོས་བྱུང་བ་དང་། དེ་བཞིན་རྒྱལ་ཕྱི་ནང་གི་སྤྱི་འཐུས་གཞུང་འབྲེལ་ཕྱོགས་བསྐྱོད་ཁག་མཚམས་འཇོག་བྱ་དགོས་བྱུང་བ་མ་ཟད། བོད་མི་གནས་སྡོད་བྱ་ཡུལ་རྒྱ་གར་མངའ་སྡེ་ཁག་གི་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་དང་། དབུས་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཞུ་རྒྱུའི་ལས་དོན་ཡོད་ཀྱང་འགོག་རྐྱེན་འཕྲད་ཡོད།

ང་ཚོའི་ཆབ་སྲིད་མང་གཙོར་བསྒྱུར་རྒྱུར་གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་གནང་བའི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་པ་སྨོས་མེད་ཐོག མི་ལོ་དྲུག་ཅུའི་རིང་གི་བཙན་བྱོལ་བའི་གནས་བབ་དང་། ཆབ་སྲིད། ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ། རྩ་དོན་འཐབ་རྩོད་བཅས་ཀྱི་ཐོག་ལ་དུས་རྒྱུན་དུ་ནས་ལམ་སྟོན་མཐུན་འགྱུར་དང་ཕན་གྲོགས་གནང་མཁན་གནས་ཡུལ་རྒྱ་གར་གཞུང་མང་གཉིས་ཀྱིས་གཙོས་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་དང་མི་མང་ཚང་མར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། ཞེས་གསུངས་སོང་།