20
Sat, Apr

༢༠༢༠་ལོའི་ཟླ་༩་ཚེས་༢ཉིན། བོད་མིའི་མང་གཙོ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གིས་གསུང་བཤད་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༢ཉིན། བཞུགས་སྒར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༦༠་འཁོར་བའི་ཉིན་མོ་སྲུང་བརྩི་གནང་བའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན། ལྷན་ཁང་ཁག་གི་དྲུང་ཆེ་སོགས་ཕེབས་གནང་འདུག དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་སོང་།

དེ་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་དོན། ༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད། བོད་མིའི་མང་གཙོའི་ཤིང་རྟའི་སྲོལ་འབྱེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྒོ་གསུམ་གུས་པས་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་སྟེ། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་གཞིས་བྱེས་བོད་མི་ཡོངས་དང་། བོད་དང་བོད་མིར་རྒྱབ་སྐྱོར་གནང་མཁན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་ནི་བཙན་བྱོལ་ནང་བོད་མིའི་མང་གཙོའི་ལམ་བཟང་དབུ་བརྙེས་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་བའི་དུས་ཆེན་གྱི་ཉིན་མོ་གལ་ཆེན་ཞིག་ཡིན། དེ་ཡང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆོས་སྲིད་ལུགས་གཉིས་ཐུགས་འགན་བཞེས་འཕྲལ་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་དུས་དང་འཚམས་པའི་བསྒྱུར་བཅོས་དགོས་གལ གཟིགས་ཏེ། ཕྱི་ལོ་ ༡༩༥༢ ལོར་ལེགས་བཅོས་ལས་ཁུངས་གསར་འཛུགས་གནང་བ་སོགས་དངོས་སུ་བསྒྱུར་བཅོས་ཕྱག་བསྟར་མཛད་ཀྱང་། རྒྱ་དམར་གཞུང་གིས་བཙན་འཛུལ་བྱས་པ་ནས་བཟུང་ཐུགས་དགོངས་བཞིན་ཕྱག་བསྟར་མཛད་རྒྱུར་མཛད་དཀའ་རབ་དང་རིམ་པ་ཕྲད་ནས་གནས་སྟངས་ཇེ་ཞན་དུ་སོང་སྟབས། མཐར་ཕྱི་ལོ་ ༡༩༥༩ ལོར་བོད་བསྟན་སྲིད་མི་རིགས་དང་བཅས་པའི་འཕྲལ་ཕུགས་ཀྱི་བདེ་དོན་སླད་དུ་བཙན་བྱོལ་དུ་མ་ཕེབས་ཀ་མེད་དུ་གྱུར།

བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག་བོད་མིའི་རང་དབང་སླར་གསོའི་ཆེད་དུ་སྒྲིག་འཛུགས་གསར་འཛུགས་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང། སྐད་ཡིག་བཅས་མི་ཉམས་གོང་སྤེལ་སླད་དུ་ཆོས་སྡེ་དང་། གཏན་ཉིན་སློབ་གྲྭ། གཞིས་ཆགས་བཅས་གསར་འཛུགས་དང་རྒྱ་སྐྱེད་རིམ་པའི་ཐོག་སྐུ་ངལ་འཛེམས་མེད་བསྐྱོན་པའི་གྲུབ་འབྲས་བཟང་པོ་ང་ཚོའི་མིག་སྔར་མཐོང་གསལ་ཡིན།

དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཐུགས་འགན་བཞེས་འཕྲལ་དུས་དང་མཐུན་པའི་བསྒྱུར་བཅོས་གཏོང་རྒྱུའི་དགོངས་པ་དང་། མང་གཙོའི་ལམ་ལུགས་ལ་ཐུགས་མོས་ཆེན་པོ་མངའ་བའི་ཐོག ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་ཆིབས་བསྒྱུར་གནང་སྐབས་རྒྱ་གར་གྱི་མང་གཙོའི་རང་དབང་དང་གྲོས་ཚོགས་ཀྱི་བགྲོ་གླེང་ལམ་ལུགས་སོགས་ཀྱི་དགེ་མཚན་གཟིགས་ཏེ། མང་གཙོའི་ལམ་ལུགས་ལ་ངེས་ཤེས་ལྷག་པར་འཁྲུངས།

དེའི་རྗེས་ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་མནའ་གན་མཐུ་བོ་ཆེ་འབུལ་ལམ་ཞུ་སྐབས་ཀྱི་བཀའ་སློབ་དགོངས་དོན་བཞིན། བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་བཅས་ཀྱི་སྐུ་ཚབ་མཚོན་པའི་འཐུས་མི་བཅུ་གསུམ་བསྐོ་འདེམས་གནང་ནས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མིའི་མང་གཙོ་ཐོག་མར་དབུ་བརྙེས་ཤིང་། དེ་ནས་བཟུང་མང་གཙོའི་ལམ་བཟང་ལ་མདུན་སྐྱོད་ཐུབ་ཐབས་སུ་ལོ་ནས་ལོ་བསྟུད་ལམ་སྟོན་དང་སྐུལ་འདེད་རབ་དང་རིམ་པ་མཛད་པའི་འཕེལ་རིམ་རགས་ཙམ་ཞུ་འདོད་བྱུང་།

ཐོག་མར་ཕྱི་ལོ་ ༡༩༦༠ ནས་ ༡༩༩༡ བར་གྱི་མང་གཙོའི་འཕེལ་རིམ་ནི། མང་གཙོའི་ལམ་བཟང་ལ་སྣེ་འཁྲིད་མཛད་པའི་དུས་ཚིགས་ཤིག་ཡིན། དེ་ཡང་ཕྱི་ལོ་ ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཤིང་། དེའི་ནང་༸གོང་ས་མཆོག་སྐུ་ཉིད་ཀྱི་སྐུ་དབང་ཕྱིར་བསྡུ་གནང་རྒྱུའི་ཆ་རྐྱེན་ཚུན་ཆད་ཀྱང་འཇོག་གནང་མཛད་ཡོད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་ལས་དོན་གནང་ཕྱོགས་ལ་ཡང་དུས་ནས་དུས་སུ་ལེགས་བཅོས་ཇི་དགོས་མཛད་ཡོད་པ་སྟེ། ཕྱི་ལོ་ ༡༩༦༤ ལོར་སྤྱི་འཐུས་སྐབས་གཉིས་པའི་ནང་ཆོལ་ཁའི་ཁོངས་སུ་བུད་མེད་འཐུས་མི་རེ་འཕར་སྣོན་དང་། ཕྱི་ལོ་ ༡༩༧༤ ལོར་འོས་བསྡུའི་སྒྲིག་གཞི་གསར་དུ་གཏན་འབེབས། ཕྱི་ལོ་ ༡༩༧༧ ལོར་སྐབས་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གཡུང་དྲུང་བོན་གྱི་སྤྱི་འཐུས་གསར་འཇུག་གནང་བ་སོགས་རླབས་ཆེན་གྱི་བསྒྱུར་བཅོས་མཛད།

ཕྱི་ལོ་ ༡༩༩༡ ནས་ ༢༠༠༡ བར་ནི། མང་གཙོའི་ཀ་བ་གསུམ་འཛུགས་གནང་མཛད་པའི་དུས་ཚིགས་ཤིག་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ༡༩༩༠ ཟླ་ ༥ ནང་སྤྱི་འཐུས་དང་། བཀའ་ཤག གཞུང་ཞབས་བཅས་པའི་འཐུས་མི་ ༣༧༠ སྐོར་གྱི་ཚོགས་འཛོམས་སར་༸གོང་ས་མཆོག་གིས་བཀའ་བློན་རྣམས་ཐད་ཀར་བསྐོ་གཞག་གནང་རྒྱུ་དང་། མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་ལ་ཕྱག་རྟགས་སྩལ་སྲོལ་མཚམས་འཇོག་མཛད་པའི་ཐོག། རྩ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་ཐད་བསྐོས་མཛད། དེ་བཞིན་སྐབས་དེའི་བཀའ་ཤག་ཕྱིར་བསྡུ་གནང་ནས་ཚོགས་ཆེན་དེ་གས་དམིགས་བསལ་ཐོག་ནས་འོས་འདེམས་བྱ་རྒྱུའི་ཐག་གཅོད་བྱུང་བ་བཞིན་བཀའ་བློན་གསུམ་བདམས་ཐོན་བྱུང་ཡོད།

དེ་བཞིན་སྐབས་བཅུ་པའི་སྤྱི་འཐུས་ལྷན་ཚོགས་ཀྱང་ཕྱིར་བསྡུ་གནང་སྟེ། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་གྲངས་འབོར་སྤར་ཆ་གནང་བ་མ་ཟད། ཨ་རི་དང་ཁེ་ན་ཌ་ཁུལ་དང་། ཡུ་རོབ་བཅས་ཀྱི་ཆེད་དུ་ས་དམིགས་གསར་གཏོད་དང་། བུད་མེད་ཀྱི་འགོ་འཁྲིད་སྐྱེད་སྲིང་གནང་ཆེད་ཆོལ་ཁའི་ཁོངས་སུ་བུད་མེད་སྤྱི་འཐུས་གཉིས་རེ་ངེས་པར་དུ་དགོས་པའི་ཆ་རྐྱེན་བསྐྲུན་ཏེ་སྐབས་བཅུ་གཅིག་པའི་སྤྱི་འཐུས་འོས་འདེམས་ལེགས་གྲུབ་བྱུང་། དེ་ནས་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་དང་། ཟླ་དེའི་ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་ཕྱག་རྟགས་སྩལ་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་།

ཕྱི་ལོ་ ༡༩༩༢ ཟླ་ ༣ ནང་ཁྲིམས་ལུགས་དབང་འཛིན་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་གནང་སྟེ། མང་གཙོའི་ཀ་བ་གསུམ་སྲ་བརྟན་བཙུགས་ཐུབ་པ་མ་ཟད། ཀ་བ་གསུམ་གྱི་དབར་ལ་དོ་མཉམ་སྟངས་འཛིན་ཡོང་ཆེད་འགན་དབང་ཆ་བགོས་བཟོས་གནང་ཡོད། དེ་བཞིན་དབུས་འོས་བསྡུ་ལས་ཁང་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་བཅས་རང་དབང་ལྡན་པའི་སྡེ་ཚན་དུ་བསྒྱུར་བ་མ་ཟད། འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་ཕེབས་སྟངས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བློན་དེ་དག་གི་འོས་གཞི་ཉིས་ལྡབ་ལས་མ་ཉུང་བ་གྲོས་ཚོགས་སུ་གནང་བར་གྲོས་ཚོགས་ནས་འོས་ཤོག་གི་ལམ་ནས་བཀའ་བློན་དུ་འདེམས་དགོས་པ་སོགས་དུས་བསྟུན་ཡར་རྒྱས་ཇི་དགོས་ལེགས་བཅོས་མཛད་ཡོད།

ཕྱི་ལོ་ ༢༠༠༡ ནས་ ༢༠༡༡ བར་དང་། ད་ཕན་གྱི་མང་གཙོའི་འཕེལ་རིམ་ནི། དབུ་འཁྲིད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་གནང་བ་དང་རྗེས་འབྲེལ་གྱི་དུས་ཚིགས་ཤིག་ཡིན། བོད་གཞིས་བྱེས་གཉིས་ཀྱི་མི་མང་ངོས་ནས་དུས་རྟག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་པའི་ཐོག ༸མགོན་པོ་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་དབུ་འཁྲིད་མཛད་པར་དགའ་མགུ་ཡི་རང་དང་། བཀའ་སློབ་ལམ་སྟོན་ཇི་ཕེབས་སྒྲུབ་ཐབས་ཞུ་བ་ལས། མི་མང་ངོས་ནས་ཆབ་སྲིད་འགན་དབང་འཁྱེར་རྒྱུའི་བསམ་བློ་དང་གྲ་སྒྲིག་མེད་པར་བརྟེན་དབུ་འཁྲིད་མཛད་འགན་མུ་མཐུད་བཞེས་དགོས་པའི་གསོལ་འདེབས་ཤུགས་དྲག་ཞུས་ཡོད།

འོན་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རྩ་དོན་དང་། མི་རིགས་ཀྱི་འཕྲལ་ཕུགས་བདེ་ཐབས། བོད་མིའི་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་བཅས་ལ་དགོངས་ཏེ། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་དགོས་པ་ཐུགས་ཐག་བཅད་དེ། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཤིང་། ༸མགོན་པོ་མཆོག་ཕྱེད་བགྲེས་ཡོལ་དུ་བཞུགས། མཐར་ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་པ་དེས་༸གོང་ས་མཆོག་གི་དགོངས་པ་ཇི་ཙམ་རྒྱ་ཆེན་པོ་ཡིན་པ་རྟོགས་ཐུབ་པ་མ་ཟད། རྒྱ་ནག་གཞུང་ལའང་བོད་ཀྱི་འཐབ་རྩོད་ཀྱི་མེ་ལྕེ་སྔར་ལྟར་རྒྱས་བཞིན་ཡོད་པའི་བརྡ་ལན་སྤྲད་ཡོད།

མདོར་ན། མི་ལོ་དྲུག་ཅུ་ཧྲིལ་པོ་གཞན་ཡུལ་དུ་བཙན་བྱོལ་བའི་ངོ་བོར་གནས་ཀྱང་། མང་གཙོའི་མཚན་ཉིད་དང་ཡན་ལག་ཡོངས་སུ་ཚང་བ་གང་ཞིག བོད་ཀྱི་བདེན་དོན་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ཁོ་ནར་འཁྲིད་གནང་མཛད་པ་ཀུན་གྱིས་བསྟོད་བསྔགས་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་གསུམ་གསལ་གཟིགས་ཀྱི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་དང་། སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་པའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༸མགོན་པོ་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆཻ་ཆེ་ཞེས་ཞུ་རྒྱུ་ཡིན།

ང་ཚོ་བཙན་བྱོལ་དུ་ཡོད་ཀྱང་མང་གཙོའི་རང་དབང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཡོད་པ་དགའ་འོས་པའི་གནས་ཡིན། འོན་ཀྱང་གཞིས་བཞུགས་བོད་རིགས་སྤུན་ཟླ་ཡོངས་རྫོགས་རྒྱ་ནག་གཞུང་གི་གདུག་རྩུབ་འོག་ལ་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཕར་ཞོག འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཙམ་ཡང་ལོངས་སུ་སྤྱོད་དབང་མེད་པར་མི་ལོ་དྲུག་ཅུ་ལྷག་རིང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་བློ་ཕམ་གྱི་གནས་ཡིན། ལྷག་པར་དུ་ཉེ་དུས་ནས་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ལའང་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། འདི་ལོའི་ཟླ་ ༡ ནས་མི་རིགས་མཐུན་སྒྲིལ་དང་འབྲེལ་བའི་སྲོལ་ཡིག་ཟེར་བ་བཏོན་ནས་བོད་མིར་སྔར་ལས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ་འཛམ་གླིང་མི་མང་ཀུན་གྱིས་མཁྱེན་གསལ་རེད།

ཡང་ཉེ་ཆར་ཟླ་ ༨ ཚེས་ ༢༨ དང་ ༢༩ ཉིན་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་པའི་ཐོག་རྒྱ་ནག་དབུས་དམར་ཤོག་དྲུང་ཆེ་ཞི་ཅིན་ཕིང་གིས་ངེས་པར་དུ་བྱེད་དགོས་པའི་དོན་ཚན་བཅུ་བཏོན་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་དང་། ཆབ་སྲིད་སློབ་གསོ་སློབ་གྲྭའི་ལོ་ཆུང་སློབ་ཕྲུག་ནས་སྤེལ་དགོས་པ། རྒྱལ་ཁབ་སྐྱོང་བར་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པ་སོགས་རྩལ་དུ་བཏོན་ནས་བཤད་དེ། དོན་དུ་རྒྱ་དམར་གཞུང་གི་དགོས་མཁོ་དང་བསྟུན་ནས་ཆོས་དད་རང་དབང་དང་བླ་སྤྲུལ་ངོས་འཛིན་ལ་དམ་བསྒྲགས་ཆེ་རུ་གཏོང་རྒྱུ་ངེས་པ་དང་། བོད་རིགས་གཞོན་སྐྱེས་རྣམས་ལ་ཆབ་སྲིད་སློབ་གསོའི་ཐོག་ནས་ཀླད་པ་འཁྲུད་ཐབས་ཀྱི་བྱ་སྤྱོད་ངན་པ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད། དེ་བཞིན་བོད་ལ་བརྟན་ལྷིང་མེད་པ་བཟོ་མཁན་རྒྱ་ནག་གཞུང་ཡིན་པ་ལས་བོད་རིགས་མི་མང་ལ་ཁག་དཀྲི་བྱེད་ཐབས་མེད། མདོར་ན། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ནས་ངེས་པར་དུ་བྱེད་དགོས་པའི་དོན་ཚན་བཅུ་བཏོན་ནས་རྒྱ་ནག་གཞུང་གི་དགོས་མཁོ་སྒྲུབ་ཐབས་ཀྱི་འཆར་གཞི་ཁོ་ན་ཡིན་པ་ཟུར་བལྟས་ལེབ་མཐོང་ཡིན།

ལར་ནས་བོད་ལ་འཛིན་པའི་རྒྱ་ནག་གི་སྲིད་བྱུས་དེ་ཡང་དག་པ་ཡིན་ཚུལ་བཤད་ཀྱང་། བློ་གཟུ་བོར་གནས་པའི་རྒྱལ་སྤྱིའི་སྲིད་གཞུང་དང་། མི་མང་རྣམས་བཞད་གད་ཤོར་ངེས་ཡིན། གལ་ཏེ་བོད་ལ་འཛིན་པའི་སྲིད་བྱུས་དེ་ཡང་དག་པ་ཞིག་ཡིན་ན། ད་ཕན་ལ་གཞིས་བཞུགས་བོད་མི་ཚོས་ཞི་བའི་ངོ་རྒོལ་རབ་དང་རིམ་པ་གནང་ཡོད་པ་མ་ཟད། བོད་མི་ ༡༥༤ ཡིས་རང་གི་གཅེས་པའི་ལུས་སྲོག་མེར་སྲེག་གནང་དགོས་དོན་མེད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་ལ་ཁ་ཞེ་གཉིས་མེད་ཀྱི་ལས་དོན་ཡག་པོ་སྒྲུབ་འདོད་ཡོད་ན། བོད་མི་རྣམས་ཉིན་མཚན་ལྟོས་མེད་ཞེད་སྣང་ངང་གནས་དགོས་པའི་ཐལ་ཆེ་བའི་གཅིག་སྡུད་རིང་ལུགས་ཀྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་མ་ཟད། ཞི་ཅིན་ཕིང་གིས་བོད་མིར་གདུག་རྩུབ་མནར་གཅོད་གཏོང་རྒྱུའི་བསམ་བློ་དོར་དགོས་པ་དང་། གཞིས་བཞུགས་བོད་མི་མང་གི་བསམ་ཚུལ་ལ་ངེས་པར་དུ་དང་ལེན་བྱེད་དགོས་ཅིང་། ༸གོང་ས་མཆོག་གི་སྐུ་ཚབ་བརྒྱུད་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་བ་བཞིན་དབུ་མའི་ལམ་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་ཞི་བའི་གྲོས་མོལ་གང་མགྱོགས་འགོ་འཛུགས་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། དེ་ལྟར་བྱས་ན་སྤྱི་ཚོགས་བརྟན་ལྷིང་བསམ་དོན་བཞིན་འགྲུབ་རྒྱུ་ཉག་གཅིག་ཡིན།

དེ་བཞིན་རྒྱ་དམར་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐོག་ལའང་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་རྒྱས་བཤད་མི་དགོས་པར་འདི་ལོའི་ཟླ་ ༦ ཚེས་ ༡༠ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ ༢༠༡༩ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོའི་ནང་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ནས་ཆོས་དད་རང་དབང་ཐོག་བརྡལ་བཤིག་དང་དམ་བསྒྲགས་ཤུགས་ཆེ་ཤོས་བྱེད་མཁན་གྲས་སུ་རྒྱ་ནག་འཁོད་ཡོད་པས་ཀྱང་ར་སྤྲོད་བྱེད་ཐུབ།

དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་དོན་ཚོགས་ཆུང་ཁག་ལྔས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ འཁོར་བ་དང་བསྟུན་ནས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཇི་ཡིན་གྱི་གནས་ཚུལ་ཁ་གསལ་སྤྲོད་དགོས་པའི་འབོད་སྐུལ་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གཞན་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༥ ཉིན་རྒྱ་ནག་ལ་གདོང་ལེན་བྱ་ཆེད་ཨ་རི་དང་། ཨིན་ཡུལ། འཇར་མེ་ནི། ཅེག་སྤྱི་མཐུན་རྒྱལ་ཁབ། ཨོ་སི་ཀྲོ་ལི་ཡ་སོགས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་ཞེས་པ་གསར་འཛུགས་གནང་བར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས། མ་འོངས་པར་ལས་དོན་ཚགས་ཚུད་ཡོང་བའི་རེ་སྨོན་ཞུ་རྒྱུ་ཡིན།

ད་རེས་གོ་སྐབས་འདི་བརྒྱུད་ཞུ་རྒྱུར། ཉེ་ལམ་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་དང་། སྐབས་བཅུ་བདུན་པའི་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་དོན་འགོ་འཛུགས་གསལ་བསྒྲགས་གནང་ཟིན་པ་ལྟར། འཛམ་གླིང་གང་སར་གནས་པའི་བོད་རིགས་ཡོངས་ཀྱིས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གཉིས་ཀར་ཆ་ཤས་ལེན་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་སྟབས། འོས་བསྡུ་དང་འབྲེལ་བའི་ལམ་སྟོན་གནང་བ་ཁག་ལ་ཐུགས་སྣང་དགོས་པ་མ་ཟད། འདས་པའི་ཉམས་མྱོང་གཞི་ལ་བཞག་ནས་སོ་སོའི་འོས་ཤོག་དེ་རྣམ་དཔྱོད་ལྡན་པའི་ངང་ནས་བོད་མིའི་འགོ་འཁྲིད་གནང་ཐུབ་པའི་སྲིད་སྐྱོང་དང་། བོད་མིའི་ངོ་ཚབ་མཚོན་པའི་སྤྱི་འཐུས་རྣམས་འཕྱུགས་པ་མེད་པར་བདམ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ཏུ་སྤྱི་ཚོགས་དྲྭ་ལམ་བེད་སྤྱོད་ལོག་པར་བཏང་ནས་འཆལ་གཏམ་དང་དཀྲུག་ཤིང་སོགས་བོད་མིའི་ཆིག་སྒྲིལ་ལ་གནོད་པའི་བྱེད་བབ་རིགས་ཀྱི་མགོ་སྐོར་འོག་ལ་མ་ཚུད་པར་ཡིད་གཟབ་གནང་རྒྱུ་གལ་ཆེན་པོ་ཡིན།

དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་རྒྱ་གར་དབུས་སའི་གཞུང་མང་གཉིས་ཀྱིས་གཙོས་པའི་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་རོགས་སྐྱོར་གནང་མཁན་རྒྱལ་སྤྱིའི་གཞུང་དང་། གྲོས་ཚོགས། ཚོགས་སྒེར་བཅས་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བ་དེ་སྲིད་དུ་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འགྲོ་བ་སྤྱི་དང༌། ཡང་སྒོས་གང་གི་གདུལ་ཞིང་བདག་ཅག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། ཞེས་གསུངས་སོང་།