19
Fri, Apr

༢༠༢༠་ལོའི་ཟླ་༨་ཚེས་༢༡་ཉིན། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་དང་། འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་བཅས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༨་ཚེས་༢༡ཉིན། དབུས་འོས་བསྡུ་ལྷན་ཁང་ནས་སྲིད་སྤྱི་གཉིས་ལ་འོས་འཕེན་པའི་མིང་གཞུང་དེབ་འགོད་ཟླ་ ༩ ཚེས་ ༡ ནས་འགོ་འཛུགས་ཀྱིས་ཟླ་ ༡༠ ཚེས་ ༡༥ བར་ངེས་པར་མཇུག་སྒྲིལ་ཐུབ་པ་དགོས་པ་དང་། འདི་ལོ་འོས་འཕེན་པའི་མིང་གཞུང་དེབ་འགོད་གསར་དུ་གནང་གཏན་འཁེལ་བ་བཞིན། ས་གནས་འོས་བསྡུའི་འགན་འཛིན་གཙོས་པས། དེབ་འགོད་འགན་འཛིན་དང་། འོས་འཕེན་པ་རྒྱ་ཆེ་མང་ཚོགས་བཅས་ནས་ཐུགས་འཁུར་ཆེ་བཞེས་གནང་རོགས། ཞེས་གསུངས་སོང་།

དེ་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་དང་། འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་བཅས་ཀྱིས་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

ཐོག་མར། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་བསྒྲགས་གཏམ་སྒྲོགས་སྦྱང་གནང་དོན། དབུས་འོས་བསྡུའི་ལས་ཁང་ནས་ཉེ་དུས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ ཉིན་ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དངོས་སུ་འགོ་འཛུགས་ཞུ་རྒྱུའི་གསར་འགོད་གསལ་བསྒྲགས་ཟིན་པ་ལྟར། བཅའ་ཁྲིམས་ལེའུ་བརྒྱད་པའི་དོན་ཚན་ ༩༧ ནང་གསེས་ ༤ པའི་དགོངས་དོན། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༧, ༡༨, ༢༠, ༢༡ སོ་སོའི་དགོངས་དོན་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༦ པའི་ནང་གསེས་ ༤ པའི་ནང་གསལ་ཟུར་འཛར་ ཀ༽ པར་བསྐྱར་བཅོས་གནང་བ་བཅས་ལ་བརྟེན་ནས། འདི་ལོ་འོས་འཕེན་པའི་མིང་གཞུང་དེབ་འགོད་གསར་དུ་གནང་གཏན་འཁེལ་བ་བཞིན། ས་གནས་འོས་བསྡུའི་འགན་འཛིན་གཙོས་པས། དེབ་འགོད་འགན་འཛིན་དང་། འོས་འཕེན་པ་རྒྱ་ཆེ་མང་ཚོགས་བཅས་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་སྒྲིག་གཞིའི་དགོངས་དོན་མིང་གཞུང་དེབ་འགོད་ངེས་པར་གནང་ཕྱོགས་དགོས་པའི་ལམ་སྟོན་གཤམ་གསལ།

༡། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ པའི་ནང་གསེས་ ༤ པའི་ཆ་རྐྱེན་ཁག་ལྡན་རིགས་རྣམས་ནས་འོས་འཕེན་པའི་མིང་གཞུང་དེབ་འགོད་ཆོག་པ་ཡིན།

༢། མིང་གཞུང་དེབ་འགོད་གནང་སྐབས་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ པའི་ནང་གསེས་ ཀ༽ པ་དང་། ཁ༽ པ་དགོངས་དོན་འོས་འཕེན་པ་བོད་ཀྱི་ཡུལ་མི་རང་ལོ་ ༡༨ ཧྲིལ་པོ་ལོན་རིགས་སོ་སོའི་དང་བླངས་དཔྱ་དངུལ་ལག་དེབ་ནང་འབུལ་ཆད་ཡོད་མེད་ཞིབ་འཇུག་དང་སྦྲགས། འོས་འཕེན་པའི་ཐོབ་ཁུངས་གང་ཡིན་གསལ་བཀོད་ཀྱིས་ལས་ཐམ་ཕབ་སྟེ་དེབ་སྐྱེལ་ཨང་གྲངས་གཅིག་ནས་འགོ་འཛུགས་ཀྱིས་དེབ་འགོད་འགན་འཛིན་གྱི་མིང་རྟགས་དང་དེབ་འགོད་ཨང་གྲངས་རེ་འགོད་དགོས།

༣། འོས་འཕེན་པའི་མིང་གཞུང་དེབ་འགོད་ ༢༠༢༠ ཟླ་ ༩ ཚེས་ ༡ ནས་འགོ་འཛུགས་ཀྱིས་ཟླ་ ༡༠ ཚེས་ ༡༥ བར་ངེས་པར་མཇུག་སྒྲིལ་ཐུབ་པ་དགོས་རྒྱུ།

༤། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ ནང་གསེས་ ༤ ནང་གསལ་འོས་འཕེན་པའི་ཆ་རྐྱེན་ཁོངས་བོད་ཀྱི་ཡུལ་མི་སུ་ཞིག་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣༡ བར་རང་ལོ་ ༡༨ ཧྲིལ་པོ་ལོན་རིགས་རྣམས་མིང་གཞུང་དེབ་འགོད་ཆོག་པ་ཡིན། འོན་ཀྱང་དོན་ཚན་ ༡༨ པའི་ནང་གསེས་ ༥ པའི་ནང་གསལ་རིགས་ནས་མིང་གཞུང་དེབ་འགོད་མི་ཆོག

༥། སྒྲིག་གསལ་མིང་གཞུང་དེབ་སྐྱེལ་ཟིན་པའི་འོས་འཕེན་པ་སོ་སོའི་དང་བླངས་དཔྱ་དངུལ་འབུལ་འབབ་ ༢༠༢༠ ཟླ་ ༣ ཚེས་ ༣༡ བར་གཙང་འབུལ་ཟིན་པ་ངེས་པར་དགོས་རྒྱུ།

༦། འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་སྟབས། རྒྱ་ཆེ་མང་ཚོགས་ནས་ཐུགས་སྣང་ཆེན་པོས་དུས་ཐོག་མིང་གཞུང་དེབ་འགོད་ཟིན་པ་དགོས། ཞེས་གསུངས་སོང་།

འོས་བསྡུ་དང་འབྲེལ་བའི་གནས་ཚུལ་རྒྱས་པ་འོས་བསྡུ་ལྷན་ཁང་གི་དྲ་རྒྱ་ཐོག་ན་འདུག
(http://tibetanelection.net/)