25
Thu, Apr

༢༠༢༠་ལོའི་ཟླ་༨་ཚེས་༡༨་ཉིན། ད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒ་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྣམ་གཉིས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༨་ཚེས་༡༨་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་དཔལ་འབྱོར་བཀའ་བློན་མཆོག་རྣམ་གཉིས་ཀྱིས་བོད་མི་ཚོང་ལས་གཉེར་མཁན་ཚོར་སྐྱེད་ཀ་དམའ་བའི་ཐོག་ནས་ཧིན་སྒོར་འབུམ་༥༠༠ བུ་ལོན་གཡར་རྒྱུ་ཡིན་པ་དང་། ཚོང་གཉེར་མཁན་ཚོས་བོད་མི་གཞོན་སྐྱེས་རྣམས་ལ་ལས་ཀ་སྤྲད་ནས། ཕྱི་རྒྱལ་ལ་འགྲོ་མཁན་ཉུང་དུ་གཏོང་རྒྱུ་དང་རྒྱ་གར་དུ་སྡོད་མཁན་མང་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག སྤྱི་ཁྱབ་འཆར་འགོད་པ་དཀོན་མཆོག་བརྩོན་འགྲུས་ལགས་བཅས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས་བོད་མི་ཚོར་བུ་ལོན་གཡར་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་སོང་།

ཐོག་མར། ༸གོང་ས་མཆོག་གཙོས་བོད་མི་རྣམས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་དང་། རྒྱ་གར་དུ་གཞིས་ཆགས་ནས་བསྡད་དགོས་བྱུང་བའི་ལོ་རྒྱུས། དཔལ་འབྱོར་ལས་ཁུངས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་བཙུགས་ནས་ཚོང་ལས་གཉེར་མཁན་བོད་མི་ཚོར་མ་རྩ་འཛུགས་ཆེད་དང་བོད་མི་རྣམས་རང་ཁ་རང་གསོ་ཡོང་ཐབས་སོགས་ཀྱི་སྐོར་ལོ་རྒྱུས་བརྙན་ཐུང་ཞིག་བསྟན་སོང་།

དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། དེ་རིང་གསར་འགོད་གསལ་བསྒྲགས་སྤེལ་དགོས་དོན་ནི། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་ངས་དམ་འབུལ་ཞུས་པའི་ཉིན་མོར་ངའི་གཏམ་བཤད་ནང་། ད་བར་བོད་ཀྱི་རྩ་དོན་འདི་ལོ་ ༥༠ རིང་གནས་ཡོད་པ་དང་། ད་དུང་མུ་མཐུད་ལོ་ ༥༠ གནས་དགོས་བྱུང་ནའང་གནས་ཐུབ་ཀྱི་རེད། ཅེས་འཁོད་ཡོད། ཕྱིས་སུ་ལྔ་དང་ལྔ་བཅུའི་འཆར་སྣང་ཞེས་བརྗོད་ཀྱི་ཡོད། ང་ཚོས་དབུ་མའི་ལམ་གཞིར་བཞག་པའི་ཐོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་པའི་ཐོག་གང་མགྱོགས་བོད་དོན་བདེན་མཐའ་གསལ་ཐབས་སླད་འབད་བརྩོན་བྱས་དང་བྱེདབཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་རེ་བར་བོད་མིའི་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་འདི་ལོ་ལྔ་དྲུག་ནང་སྦོ་ལུག་རྒྱུ་རེད་བསམ་གྱི་ཡོད་ན་དེ་ལྟར་རྩ་བ་ཉིད་ནས་མ་རེད། ད་དུང་མུ་མཐུད་ལོ་ ༥༠ གནས་དགོས་བྱུང་ནའང་གནས་ཀྱི་རེད།

བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས་བོད་མི་ཚོང་ལས་གཉེར་མཁན་ཚོར་ཧིན་སྒོར་འབུམ་༥༠༠ སྐྱེད་ཀ་དམའ་བའི་ཐོག་ནས་བུ་ལོན་གཡར་རྒྱུ་ཡིན་པ་དང་། ཧིན་སྒོར་འབུམ་༡༠ ལ་སྐྱེད་ཀ་བརྒྱ་ཆ་༡༠ དང། ཧིན་སྒོར་འབུམ་༢༠ ལ་སྐྱེད་ཀ་བརྒྱ་ཆ་༡༢ བྱས་ནས་བུ་ལོན་གཡར་འཆར་ཡོད། དེ་ནི་རྒྱ་གར་གྱི་དངུལ་ཁང་ཁག་གི་བུ་ལོན་གཡར་སྐབས་ཀྱི་སྐྱེད་ཀ་དང་བསྡུར་ན་ཧ་ཅང་ཉུངཉུང་རེད།

བུ་ལོན་གཡར་རྒྱུའི་ལས་འཆར་འདི་ནི་ཚོང་ལས་གཉེར་མཁན་མི་སྒེར་དང་སྤྱི་ཚོགས་གཉིས་ཀར་ཕན་པའི་ཆེད་དུ་ཡིན། ཚོང་གཉེར་མཁན་ཚོས་བོད་མི་གཞོན་སྐྱེས་རྣམས་ལ་ལས་ཀ་སྤྲད་པ་ཡིན་ན། བོད་པའི་གཞོན་སྐྱེས་ཚོ་ཕྱི་རྒྱལ་ལ་འགྲོ་མཁན་ཉུང་དུ་ཆགས་རྒྱུ་དང་རྒྱ་གར་དུ་སྡོད་མཁན་མང་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད། འདི་ནི་བཀའ་ཤག་གི་དགོངས་དོན། གཅིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་ཡི་ཆ་ཤས་ཤིག་རེད། ཅེས་གསུངས་སོང་།

དེའི་རྗེས། དཔལ་འབྱོར་བཀའ་བློན་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས་བོད་མི་ཚོང་ལས་གཉེར་མཁན་འབྲིང་བ་ཚོར་བུ་ལོན་གཡར་རྒྱུ་དངོས་སུ་གསལ་བསྒྲགས་སྤེལ་སོང་། བུ་ལོན་ལེན་མཁན་རྣམས་ལ་ཚང་དགོས་པའི་ཆ་རྐྱེན་ཁག་ནི། བོད་མི་ཡིན་པ་དང་གཅིག དང་བླངས་དཔྱ་ཁྲལ་ལག་དེབ་དངུལ་ཕུན་ཟིན་པ་དང་གཉིས། ས་གནས་འགན་འཛིན་གྱི་ངོ་སྦྱོར་ཡི་གེ་དགོས་པ་དང་གསུམ། རྒྱ་གར་དངུལ་ཁང་ཆེན་པོ་རྣམས་ཀྱི་བུ་ལོན་གཡར་སྐབས་ཚང་དགོས་པའི་ཆ་རྐྱེན་རྣམས་ཚང་དགོས་པ་དང་བཞི། ཚོང་རྒྱག་རྒྱུའི་འཆར་གཞི་དང་དམིགས་ཡུལ་ཡག་པོ་དགོས(བོད་མི་ཚོར་ལས་ཀ་བསྐྲུན་ཐབས)་པ་དང་ལྔ། བཅས་ཡིན། ཅེས་གསུངས་སོང་།

བུ་ལོན་གཡར་ནས་སྤྱི་ཚོགས་ཚོང་འབྲེལ་སྡེ་ཚན་དང་ཚོང་པ་སྒེར་ནས་སྤྱི་ཚོགས་ལ་ཞབས་ཞུ་གང་ཐུབ་ཞུ་ཐུབ་རྒྱུའི་དམིགས་ཡུལ་དང་། བོད་མི་ཚོ་རང་ཁ་རང་གསོ་ཡོང་ཐབས་ལ་དམིགས་པ་ཡིན། ཅེས་གསུངས་སོང་།