04
Thu, Jun

༢༠༢༠་ལོའི་ཟླ་༥་ཚེས་༧ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག པར། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བླངས།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༥་ཚེས་༧ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་དང་བལ་ཡུལ་ནང་དུ་ཐེམ་སྤང་བཀའ་རྒྱའི་དབང་གིས། བོད་མི་ཁག་ཅིག་ལ་ལས་ཀའི་གོ་སྐབས་བརླགས་པ་སོགས་ཀྱིས་ཁང་གླ་སྤྲོད་མི་ཐུབ་པའི་དཀའ་ངལ་ཡོད་རིགས་བོད་མི་གྲངས་༡༠༠༠་ལ་ཧིན་སྒོར་འབུམ་ལྔ་བཅུ་གནང་རྒྱུའི་གསལ་བསྒྲགས་སྤེལ།

དེ་ཡང་། གོང་ཚེས་ཉིན། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དེང་སྐབས་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ལ་བརྟེན་རྒྱ་གར་དང་བལ་ཡུལ་ནང་དུ་ཐེམ་སྤང་བཀའ་རྒྱ་བསྡམས་ཡོད་སྟབས། བཙན་བྱོལ་བོད་མི་ཁག་ཅིག་ལ་ལས་ཀའི་གོ་སྐབས་བརླགས་པ་དང་། འགྲོ་སྐྱོད་བཀག་སྡོམ་བྱས་རྐྱེན་རང་གནས་སུ་འབྱོར་མ་ཐུབ་པར་ས་གནས་ག་གེ་མོར་བཞུགས་དགོས་བྱུང་བ། རྒྱ་གར་དང་བལ་ཡུལ་ནང་གི་གྲོང་ཁྱེར་ཆེ་ཆུང་འདྲ་མིན་ནང་སྡོད་ཁང་གླས་ནས་ཁང་གླ་སྤྲོད་དགོས་པ་སོགས་ཀྱི་དཀའ་ངལ་མཆིས་རིགས་ལ་ངལ་སེལ་རོགས་དངུལ་ཧིན་སྒོར་འབུམ་ ༥༠ གནང་གཏན་འཁེལ་ཡོད་པ་དང་། དཀའ་ངལ་དེ་ལྟར་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་གྲངས་ ༡༠༠༠ ལ་ཧིན་སྒོར་ ༥༠༠༠ རེ་འབུལ་གཏན་འཁེལ་ཞིང་། དཀའ་ངལ་དེ་ལྟར་མྱོང་བཞིན་པའི་བོད་མི་སུ་འདྲ་ཞིག་རྒྱ་གར་དང་བལ་ཡུལ་ནང་ཡོད་ཚེ། ས་གནས་འགོ་འཛིན་གྱི་དག་མཆན་འཁོད་པའི་འགེངས་ཤོག་དགང་དགོས། རོགས་དངུལ་དེ་ལྟར་ཐོབ་མཁན་གྱི་བོད་མི་དེ་དག་གི་མིང་དང་། བཞུགས་གནས་ཁ་བྱང་དང་བཅས་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་འདོན་སྤེལ་བྱ་རྒྱུ་ཡིན་སྐོར་གསུངས།

འགེངས་ཤོག་ཕབ་ལེན་ཆེད་འདིར་གནོན། https://tibet.net/wp-content/uploads/2020/05/202005080754-merged.pdf

དེ་སྔ་ཕྱི་ཟླ་ ༤ ཚེས་ ༣ ཙམ་ནས་བཀའ་ཤག་གི་ལམ་སྟོན་ཕེབས་པ་ལྟར་ནང་སྲིད་ལས་ཁུངས་ནས་འབྲེལ་ཡོད་ས་གནས་འགོ་འཛིན་ཡོངས་ལ་ཁུངས་སོ་སོར་ཛ་དྲག་གི་དུས་སྐབས་འདིར་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཡོད་དོ་ཅོག་ལ་དུས་ཐོག་མཐུན་འགྱུར་རོགས་རམ་སྦྱོར་དགོས་པ་དང་། ལྷག་པར་རྒན་ཁོགས་དང་ཉམ་ཐག་དབུལ་ཕོངས་རིགས་ལ་དོ་ནན་གཟིགས་སྐྱོང་དགོས་པའི་བརྡ་ཁྱབ་བཏང་ཟིན་པ་ལྟར། ཕྱི་ཟླ་ ༤ ཚེས་ ༡༦ ཉིན་བར་བོད་མི་ཉམ་ཐག་དབུལ་ཕོངས་དང་ལོ་ན་ ༦༥ བརྒལ་བའི་རྒས་གཅོང་བཅས་ཁྱོན་མི་གྲངས་ ༡༠༠༠ བྱུང་བ་དེ་དག་ཁང་པའི་སྒོ་ཙར་ཕྱིན་ནས་ཟ་འབྲུ་བགོ་འགྲེམས་གནང་ཡོད་པ་དང་། ཕྱོགས་མཚུངས་ཕྱི་ཟླ་ ༤ ཚེས་ ༢༣ ཉིན་ཤེས་རིག་ལས་ཁུངས་ཀྱིས་བོད་ཕྲུག་ཉམ་ཐག་མི་གྲངས་ ༢༩༧ ལ་ཛ་དྲག་ངལ་སེལ་རོགས་དངུལ་ཧིན་སྒོར་ ༢༠༠༠ རེ་གནང་བ་མ་ཟད། མཐོ་སློབ་འགྲིམ་བཞིན་པའི་བོད་ཕྲུག་ཉམ་ཐག་སློབ་མ་གྲངས་ ༥༠ དང་གཞན་བཅས་ཁྱོན་སློབ་ཕྲུག་གྲངས་ ༢༠༠ ལ་ཧིན་སྒོར་ ༥༠༠༠ རེ་ཕུལ་འདུག

ཐེམ་སྤང་བཀའ་རྒྱ་བསྡམས་པའི་དུས་སྐབས་འདིར་བོད་ཕྲུག་ཚོའི་ཤེས་ཡོན་མཐུད་ཤོར་འགྲོ་རྒྱུའི་ཉེན་ཁར་དགོངས་ནས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ཟླ་ ༤ ཚེས་ ༡ ཙམ་ནས་དྲ་ལམ་བརྒྱུད་ནས་ཉིན་ལྟར་འཛིན་རིམ་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་སློབ་ཚན་སློབ་ཁྲིད་སྤེལ་འགོ་བརྩམས་ཡོད་པ་མ་ཟད། རིང་མིན་འཛིན་རིམ་དགུ་པ་ནས་བཅུ་གཉིས་ཀྱི་སློབ་ཚན་ཡང་དྲ་ལམ་བརྒྱུད་སློབ་ཁྲིད་གནང་གཏན་འཁེལ་ཡོད་འདུག

གསལ་བསྒྲགས་སྐབས། སྲིད་སྐྱོང་མཆོག་གིས་ད་ལྟའི་ཛ་དྲག་གི་དུས་སྐབས་འདིར་དཀའ་སྡུག་མྱོང་བཞིན་པའི་བོད་མི་སྤྱི་དང་ལྷག་པར་སློབ་ཕྲུག་རྣམས་ལ་དུས་ཐོག་འབྲེལ་ཡོད་ལྷན་ཁང་བརྒྱུད་གཟིགས་སྐྱོང་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་དང་། བདུན་ཕྲག་རྗེས་མར་སྲིད་སྐྱོང་མཆོག་གིས་བོད་མི་སུད་ཚོང་བ་དཀའ་ངལ་ཅན་རྣམས་ལ་ངལ་སེལ་ལས་གཞི་སྤེལ་རྒྱུའི་གསལ་བསྒྲགས་གནང་རྒྱུ་ཡིན་འདུག དེ་ཡང་སྲིད་སྐྱོང་མཆོག་གིས་གསལ་བསྒྲགས་སྐབས་ཐེམ་སྤང་བཀའ་རྒྱ་བསྡམས་པར་བརྟེན་རང་གནས་སུ་ཕྱིར་ལོག་མ་ཐུབ་པར་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་ ༥༠ ཙམ་ཡོད་ཅིང་། མ་ནཱ་ལིར་ཆུ་ཚན་བརྒལ་མཁན་བོད་མི་དྲུགཙམ་དང་། པ་ཐན་ཀོཌ་དུ་བོད་མི་གཉིས་བཅས་ཡོད་པ་དེ་དག་གི་འཕྲལ་སེལ་དཀའ་ངལ་སེལ་ཐབས་ཙམ་མ་ཟད། རིམ་བཞིན་རང་གནས་སུ་ཁྲིམས་མཐུན་ཐོག་ནས་ཕྱིར་ལོག་ཇི་ལྟར་བྱེད་ཐུབ་མིན་གྱི་ལམ་སྟོན་འབུལ་མུས་ཡིན་པ་གསུངས།

ས་གནས་ཆེད་འཛུགས་འབྲེལ་མཐུད་ལས་ཁུངས་ NODAL ནས་འགྲིམ་འགྲུལ་ཆོག་པའི་བཀའ་འཁྲོལ་མ་ཐོན་བར་རང་གནས་སུ་ཕེབས་ཐབས་བྲལ། དེའི་བར་དུ་བོད་མི་དེ་དག་ཁྲོད་དཀའ་ངལ་མཆིས་རིགས་ནས་ནང་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས་ཀྱི་ཞལ་པར་ཨང་གྲངས་ 9366522910/8974393582 དང་། སྡེ་འགན་མིག་དམར་བུ་འཁྲིད་ལགས་ཀྱི་ཞལ་པར་ཨང་གྲངས་9816435322/7018012388 ལ་ངེས་པར་འབྲེལ་བ་གནང་དགོས་པ་གསུངས།

སྲིད་སྐྱོང་མཆོག་གིས་གུ་ཇུ་ར་ཏི་གྲོང་ཁྱེར་བྷ་རོ་ཌར་ཐེམ་སྤང་བཀའ་རྒྱར་བརྟེན་ནས་བོད་པའི་སློབ་ཕྲུག་ ༨༣ ཡོད་པ་དེ་དག་རང་གནས་སུ་ཕྱིར་ལོག་བྱ་རྒྱུར་རྒྱ་གར་རྒྱལ་ཡོངས་མི་སེར་ངོས་འཛིན་ལག་ཁྱེར་ Aadhaar card དགོས་ངེས་ཀྱི་ཆ་རྐྱེན་འོག་ལག་ཁྱེར་དེའི་འོག་ནས་ཕྲན་བུ་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ལྷག་པར་ད་ཆ་གྲོང་ཁྱེར་བྷ་རོ་ཌའི་ནང་དུ་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་ཇེ་མང་དུ་འགྲོ་བཞིན་པར་བརྟེན་བོད་ཕྲུག་སློབ་མ་དེ་དག་གནས་ཡུལ་མཐོ་སློབ་ཀྱི་ཉལ་ཁང་རྣམས་ཏོག་དབྱིབས་གཉན་རིམས་ཕོག་པའི་ནད་པ་སྨན་བཅོས་བྱེད་ས་བཟོས་ནས་ཉེན་གཡོལ་ཆེད་བོད་ཕྲུག་སློབ་མ་དེ་དག་ཉལ་ཁང་ནས་ཕྱིར་ཐོན་དགོས་པ་གཞུང་གིས་བཀོད་ཁྱབ་བཏང་ཟིན་སྟབས། གནས་ཚུལ་དེ་བཀའ་ཤག་གིས་ཤེས་རྟོགས་བྱུང་འཕྲལ་རྡ་ས་ས་གནས་རྒྱ་གར་ལས་ཁུངས་དང་བྷ་རོ་ཌ་ས་གནས་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་བ་ཞུས་ནས་སློབ་ཕྲུག་དེ་དག་རྡ་སར་ཕྱིར་སློག་གནང་ཐབས་བྱས་པ་མ་ཟད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཚོགས་ཆུང་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ་བཅས་ཚང་འཛོམས་བཀའ་བསྡུར་བྱུང་ཡོད།

དཀའ་ངལ་གཙོ་བོ་གོང་ཞུས་རྒྱ་གར་རྒྱལ་ཡོངས་མི་སེར་ངོས་འཛིན་ལག་ཁྱེར་Aadhaar card བཟོ་ཡུལ་ས་གནས་གང་ནས་ཡིན་པ་ས་གནས་དེར་ཕྱིར་ལོག་བྱེད་དགོས་སྟབས་དེར་དཀའ་ངལ་འཕྲད་པ་རེད། བོད་ཕྲུག་སློབ་མ་ ༨༣ ཡོད་པ་རྣམས་ནས་སློབ་ཕྲུག་གྲངས་ ༣༣ མ་སུ་རི་བོད་ཁྱིམ་ནས་ཡིན་ཞིང་། སློབ་ཕྲུག་ ༢༠ ཨ་རུ་ནཱ་ཅལ་པྲ་དེ་ཤི་དང་། སློབ་ཕྲུག་བཅུ་གཉིས་རྡ་ས་ནས་ཡིན་འདུག དེར་བརྟེན་བཀའ་ཤག་ནས་སློབ་ཕྲུག་དེ་དག་སོ་སོའི་རང་གནས་སུ་ཕྱིར་ལོག་ཐུབ་ཐབས་ཆེད་ས་གནས་འབྲེལ་ཡོད་ལས་ཁུངས་དང་འབྲེལ་བ་ཞུས་ནས་ཐབས་ཤེས་གནང་མུས་ཡིན་པ་གསུངས།

མ་སུ་རི་བོད་ཁྱིམ་ནས་ཡིན་པའི་སློབ་ཕྲུག་གྲངས་ ༣༣ དེ་དག་རི་ཤི་ཀེ་ཤི་Rishikeshབར་འགྲུལ་བཞུད་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་འགྲིམ་འགྲུལ་གྱི་མཐུན་རྐྱེན་སྦྱར་ཟིན་པ་དང་། རི་ཤི་ཀེ་ཤིར་འབྱོར་མཚམས་ཡན་ལག་བོད་པའི་སློབ་གྲྭ་ཡོད་སར་ཉར་རྒྱུ་དང་། ཕྱོགས་མཚུངས་ཨ་རུ་ནཱ་ཅལ་མངའ་སྡེ་ནས་སློབ་ཕྲུག་གྲངས་ ༢༠ ཡོད་པ་དེ་དག་ཨ་རུ་ནཱ་ཅལ་མངའ་གཞུང་གིས་ཕྱིར་བཞེས་གནང་རྒྱུ་ཡིན་པ་གསུང་ཟིན་སྟབས་དཀའ་ངལ་སེལ་ཐུབ་ཡོད། རྡ་ས་ནས་ཡིན་པའི་སློབ་ཕྲུག་ ༡༢ དང་གཞན་སློབ་ཕྲུག་ཁག་ཅིག་ཡོད་པ་དེ་དག་རང་གནས་སུ་ཕྱིར་སློག་ཐུབ་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་འབད་བརྩོན་གང་ཡོད་ཞུ་མུས་ཡིན། འོན་ཀྱང་གོང་སྨོས་ལྟར་ས་གནས་ཆེད་འཛུགས་འབྲེལ་མཐུད་ལས་ཁུངས་ NODAL ནས་འགྲིམ་འགྲུལ་ཆོག་པའི་བཀའ་འཁྲོལ་ཐོབ་རྒྱུར་དཀའ་ངལ་ཧ་ཅང་འཕྲད་བཞིན་འདུག སྤྱིར་བྷ་རོ་ཌ་ལྡི་ལི་བོད་སྒར་བསམ་ཡས་གླིང་ཁྱབ་ཁོངས་ཡིན་སྟབས་ས་གནས་སུ་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་དེ་དག་ཤེས་རིག་ལས་ཁུངས་དང་ལྡི་ལི་བསམ་ཡས་གླིང་ལས་ཁུངས་གཉིས་ཀྱིས་གནས་སྐབས་ལྡི་ལིར་ཉར་ཐབས་བྱེད་བཞིན་ཡོད། སློབ་ཕྲུག་ ༨༣ དེ་དག་རང་གནས་སུ་ཕྱིར་ལོག་ཆེད་ལམ་གྲོན་ཡོངས་རྫོགས་བོད་མིའི་སྒྲིག་འཛུགས་ཀྱིས་གནང་བཞིན་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས།

ཕྱོགས་མཚུངས་སྐབས་དེར་སྲིད་སྐྱོང་མཆོག་གིས་གསུང་དོན། ཕྱི་ཟླ་ ༥ ཚེས་ ༡༦ དང་ ༡༧ བཅས་རེས་གཟའ་སྤེན་པ་དང་ཉི་མའི་ཉིན་འཛམ་གླིང་ཁྱོན་དུ་གནས་པའི་ནང་པ་ས་ཡ་མང་པོར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་དགོངས་བཞེས་གནང་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་བསྩལ་རྒྱུར་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་ཡོད། མཚན་འཁོད་སྙན་ཞུ་ཕུལ་བ་དེའི་ནང་ད་བར་བོད་མི་ཏོག་དབྱིབས་གཉན་རིམས་ཕོག་མཁན་དང་། ནད་རིམས་དེའི་འོག་ནས་འདས་གྲོངས་སུ་གྱུར་བའི་བོད་མི་ཚོའི་མིང་དང་ལོ་རྒྱུས་འཁོད་པར་མགོན་པོ་མཆོག་གིས་ཐུགས་བརྩེ་ཆེན་པོས་ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེ་མཛད་ཡོད་པ་མ་ཟད། བོད་མི་དེ་དག་གི་མིང་གཞུང་ལ་སྤྱན་ཟུང་གིས་ཐུསག་ཞིབ་ལེགས་པར་མཛད་ཐུགས་ཕྲན་བུ་སྐྱོ་གནང་དང་བཅས་ཐུགས་སྨོན་རྒྱ་ཆེ་མཛད་ཡོད་སྟབས། ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ནས་ཐུགས་བློ་བདེ་པོ་ཡོང་བའི་རེ་བ་ཡོད་སྐོར་གསུངས།

གཞན་ཡང་སྲིད་སྐྱོང་མཆིག་གིས་གསུང་དོན། ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ཕོག་མཁན་བོད་མི་དྲག་སྐྱེད་བྱུང་བར་གཟིགས་ན་སེམས་ཤུགས་འཕར་དགོས་པའི་གནས་སྟངས་ཞིག་མཐོང་གི་འདུག གང་ཡིན་བརྗོད་ན་དྲག་སྐྱེད་བྱུང་བ་ཧ་ཅང་མང་པོ་རེད་འདུག དེར་བརྟེན་སེམས་ནང་དངངས་སྐྲག་བྱེད་རྒྱུའི་ཚབ་ཏུ་ནད་ཡམས་དེར་སྔོན་འགོག་ཇི་དགེ་ལག་བསྟར་ཚུལ་བཞིན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུང་མཐར་སྲིད་སྐྱོང་མཆོག་གིས་ཕྱི་ཟླ་ ༥ བདུན་ཕྲག་གསུམ་པའི་ནང་དུ་བོད་མིའི་གཞིས་ཆགས་ཡོངས་ལ་སྨན་རྫས་གཏོར་ནས་སྔོན་འགོག་གི་ལས་གཞི་རྒྱ་ཁྱབ་ཏུ་སྤེལ་གཏན་འཁེལ་བ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམ་སྔོན་འགོག་གི་ཛ་དྲག་ཚོགས་ཆུང་ནས་དེ་ལྟར་ལམ་སྟོན་ཀྱང་ཕུལ་ཟིན་པ་དང་། ས་གནས་སུ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་ལ་སྐབས་བབ་དགོས་ངེས་མཐུན་འགྱུར་ཇི་དགེ་ཐོག་ཕྱར་གྲུ་མཉམ་འདེགས་གནང་དགོས་པ་དང་། ས་གནས་ཡན་ལག་འཕྲོད་བསྟེན་སྨན་ཁང་དང་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་བཅས་ཀྱི་ལམ་སྟོན་འོག་མཉམ་རུབ་ཡོང་བའི་འབོད་སྐུལ་ཡང་ཞུས་ཟིན་སྐོར་གསུངས་འདུག

ཡོངས་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།