25
Thu, Apr

༢༠༢༠་ལོའི་ཟླ་༤་ཚེས་༢༣་ཉིན། སྲིད་སྐྱོང་མཆོག་དང་། ཤེས་རིག་བཀའ་བློན་མཆོག་སོགས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༤་ཚེས་༢༣་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཐད་གཏོང་བརྒྱུད། རྒྱ་གར་ནང་ཐེམ་སྤང་དུས་ཡུན་རྫོགས་ལ་ཉེ་ཡང་། བོད་མི་ཚོས་མུ་མཐུད་ནས་ཐེམ་སྤང་བྱེད་དགོས་པ་གལ་ཆེན་པོ་རེད། གལ་སྲིད་བོད་མི་གཅིག་ལ་ནད་དུག་དེ་ཕོག་ཚེ་ཚང་མར་དཀའ་ངལ་འཕྲད་ཀྱི་རེད། ཅེས་གསུངས།

དེ་ཡང་། གོང་ཚེས་ཉིན། བཞུགས་སྒར་རྡ་སའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ཀྱི་བརྙན་འཕྲིན་བརྒྱུད་གསུང་དོན། རྒྱ་གཞུང་གིས་བོད་ནང་ཧ་ཅང་དམ་བསྒྲགས་བྱེད་ཀྱི་ཡོད་པར་བརྟེན། ཏོག་དབྱིབས་གཉན་སྲིན་ཇི་ཙམ་ཁྱབ་ཡོད་མེད་སོགས་ཀྱི་གནས་ཚུལ་རྟོགས་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། འོན་ཀྱང་། བོད་མི་༡༠༦་ཏོག་ནད་དེ་ཕོག་ཡོད་དང་། ནད་ཡམས་དང་འབྲེལ་བའི་ཐོག་ནས་བོད་མི་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་མི་འདུག བོད་ནང་གི་བོད་མི་ཚོ་ཧ་ཅང་དཀའ་ངལ་ཡོད་པ་མ་ཟད། དམ་བསྒྲགས་ཀྱང་ཤུགས་ཆེན་པོ་ཡོད་པ་རེད། ཉེ་ཆར་དམ་བསྒྲགས་ཤུགས་ཆེ་རུ་བཏང་བའི་གནས་ཚུལ་འདུག ང་ཚོ་བོད་ནང་གི་བོད་མི་ཚོ་དང་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་ཞུ་རྒྱུ་ཡིན།

གཞན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་དུ་བོད་མི་བརྒྱ་ཡས་མས་ཤིག་ལ་ཏོག་དབྱིབས་གཉན་སྲིན་ཕོག་ཡོད་པ་དང་། ནིའུ་ཇར་སིའི་ནང་དུ་མི་ལྔ་ཙམ་ལ་ནད་ཡམས་འདི་ཕོག་པར་གོ་ཐོས་བྱུང་། བོད་མི་རྣམས་ཀྱང་འཛམ་གླིང་འདིའི་ནང་གནས་ཡོད་སྟབས། ཏོག་ནད་འདི་ཕོག་སྲིད་པ་རེད། དེར་བརྟེན། བོད་མི་ཡོངས་ནས་སྔོན་འགོག་སླད་ཐུགས་གཟབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་ཞུ་རྒྱུ་ཡིན།

དེ་ནས་སྲིད་སྐྱོང་མཆོག་གིས་རྒྱ་གར་ནང་དུ་ཏོག་ནད་དང་འབྲེལ་བའི་གནས་སྟངས་ཐོག་གསུང་དོན། རྒྱ་གར་ནང་དུ་ད་སྔ་བོད་མི་གཅིག་ཀྱང་ཏོག་ནད་ཕོག་མེད། འོན་ཀྱང་། ང་ཚོ་ཚང་མས་གཟབ་གཟབ་བྱེད་དགོས་པ་གལ་ཆེན་པོ་རེད། གལ་སྲིད། བོད་མི་གཅིག་ཏོག་ནད་ཕོག་ཚེ་འབྲེལ་ཡོད་བོད་མི་ཚང་མར་དཀའ་ངལ་འཕྲད་ཀྱི་རེད། རྒྱ་གར་དུ་ཏོག་ནད་ཕོག་མཁན་ཉིན་རེ་ནས་མང་དུ་འགྲོ་བཞིན་ཡོད། ཚན་རིག་པ་ཚོས་བརྗོད་པར་ལྟར་ན། ཟླ་ལྔ་པའི་ཚེས་འགོ་དང་ཚེས་དཀྱིས་ལ་ཏོག་དབྱིབས་གཉན་སྲིན་ཤུགས་ཆེན་ཁྱབ་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་འདུག དེ་བཞིན། ཟླ་བ་ལྔ་པའི་ནང་རྒྱ་གར་གཞུང་གི་ཐེམ་སྤོང་དུས་ཡུན་རྫོགས་ཀྱི་རེད། དེ་ནས་རྒྱ་གར་བ་ས་ཡ་མང་པོ་ཕྱིར་ཐོིན་ནས་ལས་ཀ་གཉེར་རྒྱུ་འགོ་བཙུགས་ཀྱི་རེད། དེར་བརྟེན། བོད་མི་ཚོ་མུ་མཐུད་ནས་རང་ཁྱིམ་དུ་སྡོད་རྒྱུའི་འབོད་སྐུལ་ནན་ཏན་ཞུ་ཡི་ཡོད། གལ་སྲིད། བོད་མི་གཅིག་ཏོག་ནད་ཕོག་པའི་གནས་ཚུལ་བྱུང་ན། བོད་མི་ཚང་མར་བཀའ་ངལ་འཕྲད་རྒྱུ་རེད། གཞིས་ཆགས་དང་། དགོན་པ། སློབ་གྲྭ རྒས་གསོ་ཁང་བཅས་སྒོ་རྒྱག་དགོས་ཁེལ་གྱི་རེད། ཅེས་གསུངས་སོང་།

དེའི་སྲིད་སྐྱོང་མཆོག་གིས་ཁྲིམས་ཞིབ་པ་ཟུར་པ་གྲོང་རེ་ཚང་བློ་བཟང་མཁས་གྲུབ་མཆོག་འདས་གྲོངས་སུ་གྱུར་ཡོད་པའི་སྐོར་གསུང་དོན། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༠ ཉིན་ཁྲིམས་ཞིབ་པ་ཟུར་པ་གྲོང་རེ་ཚང་བློ་བཟང་མཁས་གྲུབ་མཆོག་འདས་གྲོངས་སུ་གྱུར་འདུག ཁོང་འདས་གྲོངས་སུ་གྱུར་བ་དེ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བ་གང་ཡང་མེད། དམ་པ་ཁོང་ནི། ཕྱི་ལོ་ ༡༩༣༩ ལོར་ཁམས་བྲག་ཕུག་དགོན་དུ་སོ་ནམ་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་སུ་འབྲངས་ཏེ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། ཕྱི་ལོ་ ༡༩༦༣ ལོར་སྲི་ཞུ་བའི་ཁོངས་ཞུགས་ཏེ་མི་ལོ་ ༤༠ ལྷག་ཞབས་ཞུ་བསྒྲུབས་ཡོད། དུས་རྟག་ཏུ་བོད་མིའི་སྒྲིག་འཛུགས་དང་མི་མང་ལ་བརྩེ་བ་ཡོད་པའི་ཐོག་ནས་འགན་ཁུར་བཞེས་ཏེ་ས་གནས་འགོ་འཛིན་དང་། ཚོགས་དྲུང་། ཆོས་རིག་དྲུང་ཆེ་བཅས་གནང་ཡོད། ཕྱི་ལོ་ ༢༠༠༠ ལོར་བགྲེས་ཡོལ་དུ་ཕེབས་འདུག་ཀྱང་ཁྲིམས་ཞིབ་པ་གཞན་དུ་བསྐོ་གཞག་སྩལ་བར་བརྟེན། ཕྱི་ལོ་ ༢༠༠༢ ཟླ་ ༡༠ ཚེས་ ༡ ནས་ལས་ཁུར་དམ་འབུལ་བཞེས་ནས་ལོ་གསུམ་རིང་ལྷག་བློ་ཆེ་བསྐྱེད་ཀྱིས་ཞབས་ཞུ་བསྒྲུབས་ནས་མཐར་ཕྱི་ལོ་ ༢༠༠༥ ཟླ་ ༧ ཚེས་ ༡ ཉིན་རྒས་ཡོལ་དུ་ཕེབས་འདུག མི་ཚེ་ཧྲིལ་པོ་བོད་ཀྱི་བསྟན་པ་དང་རྩ་དོན་སླད་ཞབས་འདེགས་ཞུས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཐའ་གཅིག་ཏུ་དད་གུས་ཡོད་མཁན་གྱི་མི་སྣ་བྱས་རྗེས་ཅན་ཞིག་འདས་གྲོངས་སུ་གྱུར་བར་བློ་ཕམ་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཡོངས་དང་མི་མང་བཅས་ནས་སྨོན་ལམ་རྒྱག་རོགས་ཞུ་རྒྱུ་ཡིན། དེང་སྐབས་ནམ་རྒྱུན་ལྟར་འདུ་འཛོམས་བྱེད་ཆོག་གི་མེད་སྟབས། དྲ་རྒྱའི་བརྒྱུད་ནས་མཆོད་འབུལ་སྨོན་ལམ་གནང་རྒྱུ་ཡོད་ན། བདུན་ཚིགས་དང་བསྟུན་ནས་མཆོད་འབུལ་སྨོན་ལམ་གོ་སྒྲིག་གི་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེ་ནས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གསུང་དོན། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་སློབ་གྲྭ་ཁག་གནས་སྐབས་རིང་སྒོ་རྒྱག་དགོས་བྱུང་ཡོད། ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲ་ཚིགས་བོད་ཡིག་སློབ་སྦྱོང་(Bodyig Lobjong)་ནང་དུ། གཞི་རིམ་འོག་མའི་འཛིམ་རིམ་དང་པོ་ནས་ལྔ་བ་བར་གྱི་སློབ་ཚན་གསུམ་སྟེ་བོད་ཡིག་དང་། ཨང་རྩིས། ཚན་རིག་བཅས་སློབ་ཁྲིད་བརྙན་ཐུང་གཟིགས་ཐུབ་ཀྱི་ཡོད་པ་མ་ཟད། བྱིས་སྒྲུང་ལྟ་ཀློག་དང་ཕབ་ལེན་གནང་ཐུབ་ཀྱི་ཡོད། འདི་ལོའི་ཟླ་ ༣ དང་ ༤ ནང་དུ། ཤེས་རིག་ལས་ཁུངས་ཀྱི་དྲ་ཚིགས་འདི་གཟིགས་མཁན་མང་དུ་ཕྱིན་འདུག སློབ་ཕྲུག་དང་ཕ་མ་རྣམ་པ་ཚོས་དྲ་ཚིགས་འདི་མུ་མཐུད་བེད་སྤྱོད་གཏང་་གནང་རོགས།

དེ་བཞིན། འཛིན་རིམ་དྲུག་པ་དང་། བདུན་པ། བརྒྱད་པའི་བོད་ཡིག་དང་། ཨང་རྩིས། ཚན་རིག་བཅས་དྲ་ཐོག་བརྒྱུད་སློབ་ཁྲིད་གནང་རྒྱུའི་མཐུན་རྐྱེན་ཞུས་ཡོད། འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་མ་ཚོའི་ཆེད་དུ་སློབ་ཁྲིད་མཐུན་རྐྱེན་ཞུ་རྒྱུ་ཡིན། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་མ་ཚོས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་གཏོང་དགོས་ཀྱི་ཡོད་སྟབས། དྲ་ཐོག་བརྒྱུད་སློབ་ཚན་ཁྲིད་རྒྱུའི་མཐུན་རྐྱེན་རིམ་པས་ཞུ་རྒྱུ་ཡིན། གཞི་རིམ་གོང་མའི་སློབ་མ་ཚོས་རྒྱ་གར་ཤེས་རིག་ལྷན་ཁང་གི་སི་བྷི་ཨེ་སི་(CBSE) དང་ནེར་ཊི(NCERT) སོགས་ཀྱི་དྲ་ཚིགས་ཐོག་སློབ་དེབ་ཕེབ་ལེན་བྱེད་རྒྱུ་ཡོད་རེད། གཞན་རྒྱ་གར་གྱི་སློབ་སྦྱོང་དྲ་ཚིགས་ཌི་ཤཱ(Dikha)་དང་ཁན་ཤེས་ཡོན(Khan Academy) https://diksha.gov.in/explore and https://www.khanacademy.org/་སོགས་ཡོད་རེད། དེར་བརྟེན། སློབ་མ་ཚོས་སོ་སོའི་ངོས་ནས་རང་སྦྱོང་དང་ཐབས་ཤེས་གནང་དགོས། ཕ་མ་ཚོས་ཀྱང་མཐུན་འགྱུར་གནང་རྒྱུ་གལ་ཆེན་པོ་རེད།

གཞན་ད་ལྟར་བོད་རིགས་མཐོ་སློབ་འགྲིམ་བཞིན་པ་སུ་འདྲ་ཞིག་རང་ཁྱིམ་དུ་ཕྱིར་ལོག་མ་ཐུབ་པར་རྒྱ་གར་གྱི་གྲོང་ཁྱེར་སོགས་ནང་དུ་། ཐེམ་སྤང་བཀའ་རྒྱ་སྲུང་བརྩི་ཞུ་མུས་ཐོག་འཚོ་རྟེན་སོགས་ལ་དཀའ་ངལ་འཕྲད་བཞིན་མཆིས་ཚེ། ཤེས་རིག་ལས་ཁུངས་ནས་དེ་ལྟ་བུའི་དཀའ་ངལ་ཡོད་མཁན་སློབ་མ་གྲངས་ ༢༠༠ ལ་ཧིན་སྒོར་ ༥༠༠༠ གནང་རྒྱུ་ཡིན། འབྲེལ་གཏུག་གནང་ཡུལ་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པའི་འགན་འཛིན་བསོད་ནམས་བཟང་མོ་ལགས་ཀྱི་ཞལ་པར་ཨང་གྲངས་༩༨༨༢༣༢༢༧༩༧ འདི་དང་། བསྟན་འཛིན་བསམ་གྲུབ་ལགས་ཞལ་པར་ཨང་གྲངས་༧༠༡༨༡༡༡༩༨༣ ལ་འབྲེལ་བ་ཞུ་དགོས། ཁོང་གཉིས་ཀྱིས་ལམ་སྟོན་དང་རོགས་རམ་བྱེད་ཀྱི་རེད། སློབ་ཕྲུག་ཚོས་ཟླ་བ་༤་པའི་ནང་ཐོ་གནང་ཚར་བ་བྱེད་དགོས།

དེ་བཞིན། ད་ལྟར་སློབ་མ་ཚོར་དྲ་ཐོག་སློབ་ཚན་སློབ་བཞིན་ཡོད་སྐབས། སློབ་མ་ཁག་ཅིག་ལ་དྲ་དངུལ་སྤྲོད་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དེ་འདྲ་གོ་ཐོས་བྱུང། དེར་བརྟེན། ཤེས་རིག་ལས་ཁུངས་ལ་ཉམ་ཐག་སློབ་མའི་ཐོ་གཞུང་ཅིག་ཡོད་རེད། ཁོ་ཚོར་ཧིན་སྒོར་༢༠༠༠་རེ་འབུལ་ཐབས་བྱ་རྒྱུ་ཡིན། དམིགས་ཡུལ་གཙོ་བོ་དེ་དྲ་ཐོག་གི་སློབ་ཚན་ཉན་ཐུབ་པ་བྱེད་རྒྱུ་ཡིན། ཞེས་གསུངས་སོང་།