16
Tue, Apr

༢༠༢༠་ལོའི་ཟླ་༤་ཚེས་༧་ཉིན། རྡ་སའི་སྤྱི་ཐང་། པར། ས་གནས་འགན་འཛིན།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༤་ཚེས་༧་ཉིན། བཞུགས་སྒར་རྡ་སའི་ས་གནས་འགན་འཛིན་ཀུན་དགའ་ཚེ་རིང་ལགས་ཀྱིས། བོད་མི་ཚོར་ཞོགས་པ་ཆུ་ཚོད་བརྒྱད་པ་ནས་བཅུ་གཅིག་གི་བར་མ་གཏོགས་ཕྱིར་ཐོན་མི་ཆོག གལ་སྲིད་ཐོན་པ་ཡིན་ན་རྒྱ་གར་གྱི་ཁྲིམས་གཞི་ཁག་ཅིག་འགལ་གྱི་ཡོད་པས་ངེས་པར་དུ་ཡིད་གཟབ་གནང་དགོས། ཞེས་གསལ་བསྒྲགས་སྤེལ་སོང་།

དེ་ཡང་། རྡ་སའི་ས་གནས་འགན་འཛིན་ལགས་ཀྱིས་གསལ་བསྒྲགས་སྤེལ་དོན། རྡ་ས་ཁུལ་གྱི་བོད་མི་ཚོས་དགོས་ངེས་ཅན་གྱི་ཟས་རིགས་ཉོ་དགོས་ཚེ་ཞོགས་པ་ཆུ་ཚོད་བརྒྱད་པ་ནས་བཅུ་གཅིག་གི་བར་དུ་མ་གཏོགས་ཕྱིར་ཐོན་ཆོག་གི་མེད་པ་ནི་རྒྱ་གར་གཞུང་དང་མངའ་སྡེ། དེ་བཞིན་ས་གནས་བཅས་ཀྱི་བཀའ་རྒྱ་རེད། འོན་ཀྱང་། བོད་མི་ཁག་ཅིག་གིས་བཀའ་རྒྱ་དེར་བརྩི་སྲུང་བྱེད་ཀྱི་མེད་པའི་གནས་ཚུལ་འདུག ཉེ་ཆར་ས་གནས་ཉེན་རྟོག་པས་བོད་མི་གཉིས་བཀའ་རྒྱ་དེ་དག་སྲུང་བརྩི་མ་བྱས་ནས་འཛིན་བཟུང་བྱས་འདུག ས་གནས་ལས་ཁུངས་ནས་ཉེན་རྟོག་དེ་ཚོར་འབོད་སྐུལ་ཞུས་ནས་ཁོ་གཉིས་ལ་ཉེས་པ་གཏོང་མེད་ཀྱང་ཉེས་བརྡ་བཏང་ནས་གློད་གྲོལ་ཐོབ་ཡོད།

དེ་རིང་ས་གནས་ཉེན་རྟོག་པ་དང་ས་གནས་འགན་འཛིན་བཅས་ཁྱོན་མི་བཞི་ཡིས་རྡ་ས་ཁུལ་ལ་བར་སྣང་པར་ཆས་ཡང་ན་ཁ་ལོ་མེད་པའི་གནམ་གྲུ་(drone)་བཏང་ནས་བོད་མི་ཚོ་ཞོགས་པ་ཆུ་ཚོད་བཅུ་གཅིག་གི་རྗེས་སུ་ཕྱིར་ཐོན་ཡོད་མེད་ཐོག་བརྟག་དཔྱད་བྱས་ཡིན། འདི་ལྟར་མུ་མཐུད་ནས་བྱེད་ཀྱི་ཡིན། དེར་བརྟེན། བོད་མི་ཚོས་ངེས་པར་དུ་སེམས་ལ་བཞག་རོགས། བོད་མི་ཁག་ཅིག་བྷག་སུག་དང་ཤིང་ནགས་གསེས་ལ་འགྲོ་བཞིན་ཡོད་པའི་གནས་ཚུལ་འདུག དེ་བཞིན་དེ་རིང་བར་སྣང་ལ་ཁ་ལོ་མེད་པའི་གནམ་གྲུ་གཏོང་སྐབས་ཀྱང་དེ་འདྲ་མཐོང་རྒྱུ་འདུག ང་ཚོས་ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་ཁུར་དགོས་ཡོད། བོད་མི་ཚོས་ངེས་པར་དུ་ཞོགས་པ་ཆུ་ཚོད་བཅུ་གཅིག་གི་རྗེས་སུ་ཕྱིར་ཐོན་མི་ཆོག་པའི་བཀའ་རྒྱ་ལ་སྲུང་བརྩི་བྱེད་རོགས། ཞེས་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

གལ་སྲིད། བོད་མི་ཚོས་གསལ་བསྒྲགས་ལ་མ་ཉན་པ་ད་དུང་ཕྱིར་ཐོན་པ་ཡིན་ན། རྒྱ་གར་གྱི་ཁྲིམས་གཞི་ཨང་༢༦༩་དང་༢༧༠། ༡༨༨་བཅས་འགལ་གྱི་ཡོད། དེར་བརྟེན། ས་གནས་འགན་འཛིན་ངོས་ནས་དེའི་ཐོག་འགན་གང་ཡང་ལེན་ཐུབ་ཀྱི་མེད་ཞེས་གསལ་བོ་ཞུ་རྒྱུ་ཡིན། ཁྲིམས་གཞི་ཨང་༢༦༩་པ་ནི་ནད་དུག་ཁྱབ་སྤེལ་བཏང་ནས་ཚེ་སྲོག་ལ་ཉེན་ཁ་བཟོས་པའི་ཉེས་པ། ཁྲིམས་གཞི་ཨང་༢༧༠་ནི་གཅོང་ནད་རིགས་ཁྱབ་སྤེལ་བྱེད་པའི་བྱ་སྤྱོིད་ཀྱི་ཉེས་པ། ཁྲིམས་གཞི་ཨང་༡༨༨་ནི་གཞུང་གི་བཀའ་རྒྱར་མ་རྩིས་པའི་ཉེས་པ། བཅས་ཀྱི་ཡིན་པར་ཁོང་གིས་འགྲེལ་བརྗོད་གནང་སོང་།