20
Sat, Apr

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་བཀའ་དྲུང་ཡིག་ཚང་། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༣་ཚེས་༡༧་ཉིན། བཞུགས་སྒར་རྡ་སའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་ནས། རྒྱ་ནག་གྲོང་ཁྱེར་ཝུ་ཧན་གྱི་ཏོག་དབྱིབས་རིམས་ནད་འདི་ད་ལྟར་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་ཁྱབ་གདལ་འགྲོ་བཞིན་པར་བརྟེན། ནད་ཡམས་འདི་བཞིན་ཁྱབ་མཆེད་མི་འགྲོ་བའི་སྔོན་འགོག་ཆེད། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་དགོན་སྡེ་ཁག་གི་དགེ་འདུན་པ་དང་། སློབ་གྲྭ་ཁག རྒས་གསོ་ཁང་སོགས་སྔ་འཕྲོས་དུས་ཡུན་ཟླ་གཅིག་གི་རིང་འདུ་འཛོམས་སོགས་མི་གནང་བའི་འབོད་སྐུལ་ཞུས་འདུག

དེ་ཡང་། དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་སྤེལ་བར་ལྟར་ན།

༄༅། །མཚུངས་མེད་དབུས་ལས་ཁུངས་ཁག་གི་དྲུང་ཆེ་ལྷན་རྒྱས་མཆོག་ལ། ཆེད་ཞུ།

ཀུན་གྱི་མཁྱེན་གསལ་ལྟར་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་བྱུང་བའི་ (Covid-19) ཞེས་པའི་ནད་ཡམས་འདི་བཞིན་ད་ཆ་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་ཁྱབ་གདལ་འགྲོ་བཞིན་པར་བརྟེན་ནད་ཡམས་འདི་བཞིན་ཁྱབ་མཆེད་མི་འགྲོ་བའི་སྔོན་འགོག་ཆེད་རྒྱལ་ཁབ་སོ་སོའི་སྲིད་གཞུང་ནས་ཐབས་ཤེས་ཡོད་རྒུ་རྩལ་བཏོན་གྱིས་ཆེས་ཛ་དྲག་ཡིན་ན་མ་གཏོགས་དེ་མིན་ཚོགས་འདུ་རིགས་དང་། ཟབ་སྦྱོང་། བགྲོ་གླེང་ཚོགས་འདུ། གཞན་ཡང་མི་སྣ་འདུ་འཛོམས་སོགས་སྔ་འཕྲོས་གནང་མི་དགོས་པའི་ལམ་སྟོན་བཀོད་ཁྱབ་གནང་མུས་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་དགོན་སྡེ་ཁག་གི་དགེ་འདུན་པ་དང་། སློབ་གྲྭ་ཁག རྒས་གསོ་ཁང་སོགས་སྔ་འཕྲོས་དུས་ཡུན་ཟླ་གཅིག་གི་རིང་འདུ་འཛོམས་སོགས་མི་གནང་བ་གཤམ་གསལ་ལྟར་ཕྱག་བསྟར་གནང་ཕྱོགས་དགོས་རྒྱུ།

༡ དགོན་སྡེའི་དགེ་འདུན་པ་རྣམས་འདུ་ཚོགས་རིགས་སྔ་འཕྲོས་ཟླ་བ་གཅིག་གི་རིང་མི་གནང་བ་དང་། དེ་བཞིན་དགོན་སྡེ་སོ་སོར་ཕྱི་ལོག་ནས་ཕེབས་མི་རིགས་ལ་བདུན་ཕྲག་གཉིས་ཀྱི་རིང་སྔོན་འགོག་ཟུར་བཀག་གནང་དགོས་པ་དང་། ༢ གཏན་ཉིན་སློབ་གྲྭ་ཁག་ཉུང་མཐར་ཟླ་གཅིག་གི་རིང་སྒོ་རྒྱག་དགོས། ༣ རྒས་གསོ་ཁང་ནང་སྨན་ཞབས་དང་ལས་བྱེད་ཡིན་ན་མ་གཏོགས་དེ་མིན་ཕྱི་ལོག་ནས་མི་སྣ་སུ་གཅིག་རྐྱང་ཕེབས་མི་ཆོག་པའི་བཀག་འགོག་གནང་དགོས། ༤ སྔ་འཕྲོས་ཟླ་བ་གཅིག་གི་རིང་ཟབ་སྦྱོང་དང་བགྲོ་གླེང་ཚོགས་འདུ་རིགས་བསྐོང་ཚོགས་མི་གནང་བ་བྱ་དགོས། ༥ བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་བྱེད་རྣམས་གཞུང་འབྲེལ་ཕྱོགས་བསྐྱོད་རིགས་སྔ་འཕྲོས་ཕར་འགྱངས་གནང་དགོས། ༦ ཆང་ས་དང་། སྤྲོ་སྐྱིད། གཞན་ཡང་རྩེད་རིགས་འདུ་འཛོམས་སོགས་འདི་ཟླའི་ཚེས་ ༣༡ བར་མི་གནང་བ་གཙོ་འདོན་གནང་དགོས་ཀྱང་། ཛ་དྲག་གིས་མི་འདས་གྲོངས་སུ་ཕྱིན་ཏེ་མཆོད་འབུལ་སོགས་ཀྱི་ཆེད་མ་འཛོམས་མཐའ་མེད་ཡིན་ན་མ་གཏོགས་དེ་མིན་འདུ་འཛོམས་རིགས་མི་གནང་བ་བྱ་དགོས། ༧ དོ་བདག་སོ་སོར་ཚ་བའི་ནད་རྟགས་དང་། མིད་པ་སྐམ་ཟུག གློ་ཆམ་རིགས་བྱུང་ཚེ་ལམ་སང་སྨན་ཁང་དུ་བསྟེན་གཏུག་ངེས་ཞུ་དགོས་རྒྱུར་རང་སོ་སོའི་ངོས་ནས་དོ་ཁུར་གྱིས་གནང་ཕྱོགས་དགོས་པ། བཅས་སྔ་འཕྲོས་ཉུང་མཐར་ཟླ་བ་གཅིག་གི་རིང་གོང་གསལ་ལྟར་གནང་ཕྱོགས་དགོས་རྒྱུའི་ཐོག་གནས་ཡུལ་མངའ་གཞུང་སོ་སོའི་ལམ་སྟོན་བཀོད་ཁྱབ་གཞིར་བཟུང་དམ་དོན་ཕྱག་བསྟར་ཡང་གནང་ཕྱོགས་དགོས་པ་བཅས་དེ་གའི་ཁྱབ་ཁོངས་སོ་སོར་འབོད་སྐུལ་གསལ་བསྒྲགས་འཕྲལ་དུ་གཏོང་དགོས་ཕེབས་འདུག་པ་དེ་དོན་དགོངས་འཇགས་ཞུ། བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༦ ལ། །

ད་དུང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བསྒྲགས་སྤེལ་བར་ལྟར་ན།

དེང་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་ཆེ་བས་དེ་དག་གི་ཉེན་ཁ་སྔོན་འགོག་ཆེད་རྒྱ་གར་གཞུང་གི་འབྲེལ་ཡོད་ཚན་པ་མང་པོས་གཙོས་ཉེ་ལམ་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་སྲིད་གཞུང་ནས་ཁྲིམས་གཞི་༡༤༤ ་བཀའ་རྒྱ་བཏང་ཡོད་པའི་གནས་སྟངས་བཅས་ལ་བརྟེན། འདི་ག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གནས་སྐབས། ཕྱི་ལོ་༢༠༢༠་ཟླ་༣་ཚེས་༡༨་ནས་ཕྱི་ཟླ་༤་ཚེས་༡༥་བར་སྒོ་རྒྱག་རྒྱུ་ཡིན། སྒོ་ག་དུས་ཕྱེ་མིན་གསལ་བསྒྲགས་རྗེས་སུ་གསལ་བསྒྲགས་སྤེལ་རྒྱུ། དེ་ལྟར་ཚང་མས་ཐུགས་སྣང་ཡོང་བ་དགོངས་འཇགས་ཞུ། ཞེས་ཟླ་འདིའི་ཚེས་༡༧་ཉིན་གསལ་བསྒྲགས་གནང་འདུག འོན་ཀྱང་། འདི་གསར་ཁང་ནས་བསྔོ་རྟེན་དང་སྐྱབས་རྟེན་ཕུལ་སའི་ལས་ཁུངས་ལ་གོང་གི་གསལ་བསྒྲགས་སྐོར་བཀའ་འདྲི་ཞུ་སྐབས། བསྔོ་རྟེན་དང་སྐྱབས་རྟེན་ཕུལ་སའི་ལས་ཁུངས་ཀྱིས་སྒོ་ཕྱེ་སྟེ་མུ་མཐུད་ནས་ཕྱག་ལས་གནང་གི་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

གཞན་ཡང་། ༢༠༢༠ལོའི་ཟླ་ ༣ ཚེས་ ༡༧་ཉིན། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྡི་ལི་དོན་གཅོད་ཁང་གིས་གསལ་བསྒྲགས་སྤེལ་བའི་ནང་དུ། ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད། ལྡི་ལི་དོན་ཁང་དུ་ཕེབས་མཁན་མི་མང་ཚང་མས་ངེས་པར་དུ་ཁ་རས་བསྣམས་དགོས་ཤིང་། ལག་པ་དག་རྫས་(hand sanitizer) བེད་སྦྱོད་གནང་དགོས་པའི་འབོད་བསྐུལ་གསལ་བསྒྲགས་སྤེལ་འདུག