18
Thu, Apr

༢༠༢༠་ལོའི་ཟླ་༣་ཚེས་༣་ཉིན། དབུས་གཙང་ལོ་རྒྱུས་ཆེན་མོ་དབུ་འབྱེད་གནང་བའི་མཛད་སྒོ་ཐོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༣་ཚེས་༣་ཉིན། བཞུགས་སྒར་རྡ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་གཙང་ལོ་རྒྱུས་ཆེན་མོ་ཞེས་པའི་ལོ་རྒྱུས་དེབ་ཕྲེང་གསུམ་དབུ་འབྱེད་གནང་བའི་མཛད་སྒོ་ཤིག་ཚོགས་སོང་།

དེ་ཡང་། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་མཐུན་གྱུར་འོག ལོ་ལྔའི་རིང་གི་ཆོལ་གསུམ་ལོ་རྒྱུས་ཞིབ་འཇུག་རྩོམ་སྒྲིག་ལས་གཞིའི་ཁྲོད་ནས། དབུས་གཙང་ལོ་རྒྱུས་ཆེན་མོ་འདི་དཔར་བསྐྲུན་བྱས་པ་ཞིག་ཡིན་འདུག

དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བྱམས་པ་ཆོས་འཕེལ་ལགས། དབུས་གཙང་ལོ་རྒྱུས་ཆེན་མོའི་རྩོམ་སྒྲིག་འགན་འཛིན་གཙང་ཕྲུག་སྟོབས་ལགས། སྐུ་བཅར་བ་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་རྒན་ཐུབ་བསྟན་ཡར་འཕེལ་མཆོག དབུས་གཙང་ལོ་རྒྱུས་ཆེན་པོའི་དེབ་ཞུ་དག་གནང་མཁན་དང་པར་བསྐྲུན་སྦྱིན་བདག་གནང་མཁན། རྡ་ས་ཁུལ་གྱི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་སོགས་མཉམ་ཞུགས་གནང་འདུག

དང་ཐོག དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བྱམས་པ་ཆོས་འཕེལ་ལགས་ཀྱིས་དབུས་གཙང་ལོ་རྒྱུས་ཆེན་མོའི་པར་སྐྲུན་གསལ་བཤད་བྱས་སོང་། དེ་ནས་དབུས་གཙང་ལོ་རྒྱུས་ཆེན་མོའི་རྩོམ་སྒྲིག་འགན་འཛིན་གཙང་ཕྲུག་སྟོབས་ལགས་ཀྱིས་དབུས་གཙང་ལོ་རྒྱུས་ཆེན་མོ་ཞིབ་འཇུག་རྩོམ་སྒྲིག་གི་བརྒྱུད་རིམ་གནས་ཚུལ་དང་མྱོང་ཚོར་ངོ་སྤྲོད་གནང་བ་དང་སྦྲགས། ཁོང་གིས་དབུས་གཙང་ལོ་རྒྱུས་ཆེན་མོ་དེར་ལོ་རྒྱུས་ཀྱི་དཔྱད་ཞིབ་ཡིག་ཆ་གཞི་གང་ལ་བཅོལ་ཡོད་མེད་ཐོག་གསུང་དོན། དང་པོ། ཏུན་ཧོང་ཡིག་ཆ་ནས་སྤྱི་ལོ་༡༩༥༩་བར་གྱི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་། བླ་མའི་རྣམ་ཐར་སོགས་དང་། གཉིས་པ། འཇར་མན་བྷོ་ཎི་(Bonn University)གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོད་ཁང་གིས་གཅེས་ཉར་གནང་བའི་བོད་དང་འབྲེལ་བའི་ཡིག་ཆ་རྙིང་པ་ཁག གསུམ་པ། བོད་ལ་དུས་འགྱུར་བྱུང་བའི་རྗེས་བོད་ཕྱི་ནང་གི་བོད་མི་རྒན་རབས་ཚོའི་ཡིག་ངག་གི་ལོ་རྒྱུས་དང་། བོད་ནང་གི་ས་གནས་ས་ཐོག་གི་ལོ་རྒྱུས། བཞི་པ། རྡ་སའི་བོད་ཀྱི་དཔེ་མཛོད་ཁང་ནང་མཁས་པ་ཚོས་བོད་དབྱིན་རྒྱ་ཡིག་བཅས་ཀྱི་ནང་བྲིས་པའི་ལོ་རྒྱུས་ཡིག་ཆ་ཁག་ཡིན་པ་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་སོང་།

དེའི་རྗེས། སྐུ་བཅར་བ་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་རྒན་ཐུབ་བསྟན་ཡར་འཕེལ་མཆོག་གིས་དབུས་གཙང་ལོ་རྒྱུས་ཆེན་མོ་བཀླགས་པའི་མྱོང་ཚོར་དང་། དེར་དམིགས་བསལ་གྱི་ཁྱད་ཆོས་བཞིའི་ཐོག་གསུང་དོན། ཁྱད་ཆོས་དང་པོ་ནི། འདིའི་ནང་སྔོན་ཆད་མཐོང་ཐོས་དཀོན་པའི་ཁྲིམས་ལུགས་དང་། ཁྲལ་འུལ་ཁྲིམས་གནོན་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཐ་སྙད་དང་། སྔར་གྱི་གཞུང་ཡིག་གི་འགྲོ་ལུགས་སོགས་ཕྱོགས་མང་པོ་ཞིག་ནས་སློབ་སྦྱོང་བྱ་རྒྱུའི་རྒྱུ་ཆ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་གཅིག སྒྲིག་སྟངས་ཀྱི་ཐད་ནས་གཅིག་གྱུར་ཡིན་པ། བརྗོད་བྱའི་ནང་དོན་ལྟར་ལེའུ་དང་། ས་བཅད། ལེ་ཚན་སོགས་སྤྱི་དང་བྱེ་བྲག་གི་རྣམ་དབྱེ་མ་འདྲེས་པར་ཡིག་ཚོགས་ཉུང་ལ། ཁ་གསལ་ཞིང་གོ་བདེ་བའི་དཀར་ཆག་ཞིབ་ཕྲ་བསྒྲིགས་གནང་བ་འདིས་ལྟ་ཀློག་དང་འཚོལ་བདེ་བའི་ཁྱད་ཆོས་ལྡན་འདུག ཁྱད་ཆོས་གཉིས་པ་ནི། ས་ཁུལ་དང་རྫོང་སོ་སོའི་ལོ་རྒྱུས་ཞིབ་འབྲི་གནང་རྒྱུའི་རྒྱུ་ཆ་དང་། སྒྲོམ་གཞིའི་རྨང་གཞི་འདིང་གནང་ཡོད་པ། དཔྱད་གཞི་ལྟ་ཀློག་ཤིན་ཏུ་མང་བ་དང་། དེ་དག་ལས་ལག་ཏུ་གང་ཐེབས་དཔྱད་གཞིར་མ་གནང་བར་བདམས་གསེས་ཞིབ་ཚགས་གནང་བ། དེ་དག་གི་ཁྲོད་ནས་དཔྱད་གཞི་མང་པོ་ཞིག་ད་བར་ལོ་རྒྱུས་དེབ་ཐེར་ཐོག་བཀོལ་སྤྱོད་གནང་མྱོང་མེད་པའི་རིགས་འདུག ཁྱད་ཆོས་གསུམ་པ་ནི། དབུས་གཙང་ལོ་རྒྱུས་ཆེན་མོའི་གླེགས་བར་སྟོད་ཆར་ས་ཁྲ་ཁག་ ༡༡ བཀོད་འདུག མདོར་ན་ཡུལ་ལུང་སྤྱི་དང་བྱེ་བྲག་དང་། རི་ཆུ་མཚོ་གསུམ་དང་བཅས་པའི་མིང་རྣམས་བོད་ཡིག་གི་ཐོག་ནས་བཀོད་པར་མ་ཟད། མཚོན་ཁྲ་ཅན་གསལ་བར་བཀོད་པ་འདི་དག་གི་ཐོག་ནས་ཀྱང་གཞན་ལ་མེད་པའི་དམིགས་བསལ་གྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ལྡན་འདུག ཁྱད་ཆོས་བཞི་པ་ནི། དཔྱད་གཞིའི་ཡིག་རིགས་ཁུངས་མི་འདྲ་བ་ཆེ་ཁག་བཞི་དང་། ཆུང་ཁག་གཉིས་སུ་དབྱེ་འདུག མདོར་ན་དབུས་གཙང་ལོ་རྒྱུས་ཆེན་མོའི་གླེགས་བམ་སྟོད་སྨད་བར་གསུམ་ལ་ཁྱོན་བསྡོམས་དཔྱད་གཞིའི་ཡིག་ཆ་གྲངས་ ༨༩༣ ནས་ལུང་འདྲེན་གནང་འདུག་པ་དང་། ལྷག་པར་ཁུངས་བཙན་ཡིག་རྙིང་གི་དཔྱད་གཞིའི་ངོ་བཤུས་རྣམ་གྲངས་ ༦༩ བཀོད་གནང་འདུག་པ་འདི་དག་གི་ཐོག་ནས་དབུས་གཙང་ལོ་རྒྱུས་ཆེན་མོའི་གླེགས་བམ་འདི་དག་ཚད་དང་ལྡན་ཞིང་། ཁུངས་བཙན་པའི་ལོ་རྒྱུས་ཀྱི་གླེགས་བམ་ཞིག་ཏུ་གྲུབ་པ་གསལ་པོར་མཚོན་ཐུབ་པའི་དམིགས་བསལ་གྱི་ཁྱད་ཆོས་དང་དགེ་མཚན་ཞིག་ཆགས་འདུག

མཐའ་མ་དེར་ཁོང་གིས་འབོད་སྐུལ་རིམ་པ་གཉིས་ཞུས་སོང་། རིམ་པ་དང་པོར། དབུས་གཙང་ལོ་རྒྱུས་ཆེན་མོའི་ནང་། གྲུབ་མཐའ་རིས་མེད་ཀྱི་ལོ་རྒྱུས་ཅན་གྱི་དགོན་སྡེ་ཁག་ ༡༤༨༨ དང་། སྔོན་བྱོན་མཛད་རྗེས་ཅན་གྱི་གྲགས་ཅན་མི་སྣ་ཁག་ ༡༠༨༡ མཁར་དང་། གནས། དུར་ས། བང་སོ། རྡོ་རིང་། བྲག་ཕུག་སོགས་གནའ་ཤུལ་གྲགས་ཅན་ཁག་ ༨༠༢ བཅས་ཀྱི་སྐོར་ཞིབ་ཕྲ་ད་ལན་གྱི་དབུས་གཙང་ལོ་རྒྱུས་ཆེན་མོའི་ནང་ཆུད་ཐབས་མེད་སྟབས། ནང་དོན་སྙིང་བསྡུས་ལྟ་བུ་རེའུ་མིག་གི་ལམ་ནས་ངོ་སྤྲོད་གནང་འདུག་པས། མ་འོངས་པར་དགོན་སྡེ་ཁག་གི་བྱུང་རབས་ལོ་རྒྱུས་དང་། གྲགས་ཅན་མི་སྣའི་རྣམ་ཐར། གནའ་ཤུལ་གྲགས་ཅན་གྱི་ངོ་སྤྲོད་བཅས་སོ་སོར་ཉམས་ཞིབ་ཀྱི་ལམ་ནས་ཕྱོགས་བསྒྲིགས་གནང་གལ་ཆེ་བ་དང་གཅིག རིམ་པ་གཉིས་པ་ནི། ས་ཁུལ་དང་། རྫོང་ཁག་སོ་སོའི་ལོ་རྒྱུས་ཞིབ་ཕྲ་ཁ་སྣོན་རྒྱས་བཤད་གནང་བདེའི་ཆེད་སྤྱི་ཁྱབ་ཀྱི་སྒྲོམ་གཞི་ལེགས་པར་བཏིང་གནང་འདུག་པ་ལྟར། འབྲེལ་ཡོད་ཁྱབ་ཁུངས་སོ་སོ་ནས་རང་དོན་རང་གཅེས་གནང་སྟེ། ཞིབ་འབྲི་གནང་གལ་ཤིན་ཏུ་ཆེ་བ་དང་གཅིག གཉིས་ནས་ཕྱི་ལོ་ ༡༩༥༩ ཚུན་ཆད་ཀྱི་ལོ་རྒྱུས་ཁག་ཀྱང་རྒྱུས་ཡོད་མྱོང་ཅན་གྱི་བགྲེས་གྲས་ལྷག་ལུས་བཞུགས་མུས་ཀྱི་སྐབས་འདིར་ཁ་སྐོང་གནང་གལ་ཆེ་བས་མ་འོངས་པར་དེ་ལྟར་གནང་རོགས་ཞེས་འབོད་སྐུལ་གསལ་འདེབས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེའི་རྗེས། སྐུ་མགྲོན་གཙོ་བོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་གཙང་ལོ་རྒྱུས་ཆེན་མོ་ཞེས་པའི་ལོ་རྒྱུས་ཀྱི་དེབ་དབུ་འབྱེད་གནང་བ་དང་། དེ་བཞིན། བཀའ་དྲིན་རྗེས་དྲིན་གྱི་ཤེས་ཡོན་ཐེབས་རྩ་ཞེས་པའི་ཐེབས་རྩ་ཞིག་དབུ་འབྱེད་གནང་སོང་།

དེ་ནས། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐོག་མར་བོད་ཀྱི་ཕྱིའི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་བྱུང་བ་དང་འབྲེལ་བའི་བོད་སྤྱིའི་ལོ་རྒྱུས་གསུངས་རྗེས། དབུས་གཙང་ལོ་རྒྱུས་ཞིབ་འཇུག་རྩོམ་སྒྲིག་དང་འབྲེལ་བའི་ཐོག་བཀའ་སློབ་གནང་དོན། དབུས་གཙང་ལོ་རྒྱུས་ཆེན་མོ་འདི་ཞིབ་ཚགས་པོ་དང་རྒྱ་ཆེན་པོ་བྱུང་འདུག ལོ་རྒྱུས་ཀྱི་དེབ་འདི་བཏོན་པ་ཙམ་མིན་པར་ད་དུང་མུ་མཐུད་ནས་དེའི་ཐོག་འགན་ཁུར་ནས་ལུང་ཚན་སོ་སོའི་ལོ་རྒྱུས་ཁ་གསབ་དང་ཡར་རྒྱས་གཏོང་དགོས་པ་གལ་ཆེན་པོ་རེད་སོགས་གསུངས་སོང་།

མཐའ་མར། དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བྱམས་པ་ཆོས་འཕེལ་ལགས་ཐུགས་རྗེ་ཆེའི་གཏམ་བཤད་གནང་རྗེས་མཛད་སྒོ་གྲོལ་སོང་།