06
Mon, Apr

༢༠༢༠་ལོའི་ཟླ་༣་ཚེས་༡་ཉིན། མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་༡༤་པའི་ཚོགས་བཅར་བ་ཚོ།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༣་ཚེས་༡་ཉིན། རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་དུ་སེར་བྱེས་ཤེས་ཡོན་བསྟི་གནས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་༡༤་པ་འགོ་འཛུགས་གནང་ནས། དུས་རབས་ཉེར་གཅིག་པའི་དྲ་རྒྱའི་སྤྱི་ཚོགས་ཀྱི་གཞོན་སྐྱེས་ཚོའི་འོས་འགན། འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས། བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་གནང་ཐབས་སོགས་ཀྱི་ཐོག་ལ་བགྲོ་གླེང་གནང་རྒྱུ་ཡིན་འདུག

དེ་ཡང་། སེར་བྱེས་གྲྭ་ཚང་གི་སྐབས་བཅུ་བཞི་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་འོག ཟླ་༣ ཚེས་ ༡ ནས་ ༦ བར་ཉིན་གྲངས་དྲུག་གི་རིང་བགྲོ་གླེང་ཚོགས་འདུ་དེ་ཚོགས་རྒྱུ་ཡིན་པ་དང་།  ཚོགས་བཅར་བ་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་མཐོ་སློབ་༢༧་ནས་ཕེབས་པའི་འཐུས་མི་ཚོགས་བཅར་བ་གྲངས་༡༡༥་མཉམ་ཞུགས་གནང་འདུག གནའ་དེང་ཤེས་ཡོན་གྱིས་བསྡུས་པའི་འགངས་ཆེ་བའི་སྣ་མང་བརྗོད་གཞིའི་ཐོག་བགྲོ་གླེང་བྱ་རྒྱུ་ཡིན་འདུག

མཛད་སྒོ་འི་ཐོག སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་༸དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དམིགས་བསལ་སྐུ་མགྲོན་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་ལས་ཟུར་རྣམ་པ་གཉིས། དེ་བཞིན་དམིགས་བསལ་སྐུ་མགྲོན་ལྷོ་སྤྱི་སྐུ་ངོ་ཆོས་འཕེལ་ཐུབ་བསྟན་མཆོག་དང་། གཞན་ཡང་བོད་མི་དམངས་སྤྱི་འཐུས་རྣམ་པ། ས་གནས་གཞིས་འགོ་སོགས་སྐུ་མགྲོན་རྣམ་པ་ཕེབས་འདུག

དང་ཐོག བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་གཙོ་བསོད་ནམས་ཕུན་ཚོགས་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཕེབས་བསུའི་གཏམ་བཤད་དང་སྦྲགས། ༸གོང་ས་མཆོག་གི་དགུང་སྐེག་སླད་དུ་༧རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བགྲོ་གླེང་གོ་སྒྲིག་ཞུས་ཡོད་པའི་སྐོར་དང་། ༧རྒྱལ་བའི་གསུང་རྩོམ་ཀློག་རྒྱུའི་ལས་འགུལ་སྤེལ་བའི་སྐོར་སྙན་སྒྲོན་ཞུས་སོང་།

དེའི་རྗེས། སྤྱི་ཁྱབ་འབྲེལ་མཐུད་པ་དཀོན་མཆོག་རིན་ཆེན་ལགས་ནས་ལོ་གསར་གྱི་དུས་ཚོད་ལ་ཚོགས་ཆེན་འདི་འདྲ་ཞིག་འཚོགས་ཐུབ་པ་བཀྲིས་པའི་གཏམ་བཟང་ཞིག་ཡིན་པ་དང་། ལྷག་པར་དུ་ཚོགས་ཆེན་གྱི་སྐབས་བོད་ནང་གི་གཞོན་སྐྱེས་དེ་དག་གི་ཆེད་དུ་ཞབས་བཀྱག་དམིགས་བསལ་སྟོང་པ་གཉིས་བཞག་ཡོད་ལ། ཞབས་བཀྱག་དེས་མགྱོགས་ནས་མྱུར་དུ་བོད་གཞིས་བྱེས་ལྷན་འཛོམས་ཡོང་བ་དང་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་དག་ལྷན་འཛོམས་ཐོག་བགྲོ་གླེང་འདི་ལྟ་བུ་ཚོགས་ཐུབ་པའི་རེ་བ་དང་སྨོན་ལམ་མཚོན་གྱིས་ཡོད་བཅས་བརྗོད་སོང་། གཞན་ཡང་། ཚོགས་པ་འདི་དབུས་བོད་མའི་སྒྲིག་འཛུགས་དང་། མཐོ་རིམ་སློབ་གྲྭ་ཁག་གི་སློབ་མ་གཉིས་ཀྱི་བར་གྱི་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུ་ཞིག་ཆགས་ཡོད་པ་དང་། མ་འོངས་པར་མཐོ་རིམ་སློབ་མའི་གཞོན་སྐྱེས་གང་མང་མང་མཉམ་ཞུགས་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད་སོང་།

དེ་ནས། དམིགས་བསལ་སྐུ་མགྲོན་སློབ་སྤྱི་སྐུ་ངོ་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་འདུ་འཛོམས་བགྲོ་གླེང་མཐར་ཕྱིན་བྱས་པའི་གྲུབ་དོན་དག་དབུས་བོད་མིའི་སྒྲིག་འཛུགས་ལ་འབུལ་ཐུབ་པ་ཡིན་ན། མ་འོངས་ལས་འཆར་སྒྲིག་ཕྱོགས་ཐད་ཕན་ཐོགས་ཡོང་བ་དང་། བོད་རང་དབང་སླར་གསོའི་ཆེད་ཤེས་ཡོན་དང་། དེང་རབས་ཅན་གྱི་སྤྱི་འགྲོས། འཕྲུལ་ལས་རིག་པ་སོགས་ཀྱི་ཐད་གཞོན་སྐྱེས་ཚོས་འགན་ཁུར་བྱ་དགོས་ཞེས་གསུངས་སོང་།

དམིགས་བསལ་སྐུ་མགྲོན་སེར་བྱེས་མཁན་རིན་པོ་ཆེ་བསྟན་འཛིན་བྱམས་པ་ཆོས་བཟང་རིན་པོ་ཆེ་མཆོག་གིས་གནའ་དེང་ཤེས་ཡོན་ལ་བརྩོན་བཞིན་པའི་སློབ་མ་འདུ་འཛོམས་ཀྱི་གལ་གནད་སྐོར་གསུང་བཤད་ཟབ་རྒྱས་གནང་རྗེས།

སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་ཚོགས་བཅར་རྣམས་ལ་ཁམས་བདེའི་འཚམས་འདྲི་དང་སྦྲགས་གསུང་དོན། སློབ་ཕྲུག་ངོས་ནས་ཀྱང་སེམས་དང་སེམས་བྱུང་གི་རྣམ་བཞག་སྐོར་གྱི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་སློབ་སྦྱོང་བྱེད་དགོས་པ་དང་། དེ་བཞིན་ང་ཚོ་བོད་པར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི། སྔོན་མ་ནས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཡོད་པ་བཞིན་རྒྱུན་དུ་ཀུན་སྤྱོད་ཡག་པོ་དང་། མ་འོངས་པར་སློབ་མཐར་ཕྱིན་རྗེས་སུ་བོད་སྤྱི་ལ་ཞབས་འདེགས་ཞུ་ཐུབ་མཁན་ཞིག་བྱེད་དགོས་པ་རེད། ཅེས་དང་། ༧གོང་ས་མཆོག་གི་དགོངས་གཞི་དང་བོད་ཀྱི་གཞོན་སྐྱེས་དག་གི་འགན་འཁྲི་དང་ཁ་ཕྱོགས་སྐོར་ལ་བླང་དོར་བཀའ་སློབ་གནང་སོང་།

ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི། རང་དབང་གི་ཐོག་ནས་གནའ་དེང་ཤེས་ཡོན་བརྗེ་ལེན་ཐུབ་ཐབས་དང་། མཐོ་སློབ་ཁག་གི་སློབ་མ་ཕན་ཚུན་བར་འབྲེལ་ལམ་གོང་སྤེལ་ཐོག་བོད་ཀྱི་སྤྱི་ཚོགས་འཆམ་མཐུན་དང་། བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡུན་གནས་ཡོང་ཐབས་ཙམ་མ་ཟད་། རང་ངོ་རང་ཤེས་དང་། རང་འགན་རང་ཁུར་ཇི་ལྟར་བྱེད་དགོས་པའི་རྟིང་སྐུལ་ཐེབས་པ་བྱ་རྒྱུ་བཅས་རེད་འདུག

ཉིན་དྲུག་གི་གཏམ་བཤད་དང་བགྲོ་གླེང་གི་བརྗོད་གཞི་ཁག་ནི། རྣམ་དཔྱོད་ལྡན་པའི་སྤྱི་ཚོགས་དང་། དུས་རབས་ཉེར་གཅིག་པའི་དྲ་རྒྱའི་སྤྱི་ཚོགས་ཀྱི་གཞོན་སྐྱེས་ཚོའི་འོས་འགན། འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས། ཆོས་ལུགས་མཐུན་འབྲེལ་དགོས་གལ་ཆེ་མིན། བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་དང་བཅས་པར་སྲུང་སྐྱོབ་གནང་ཐབས། རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་དོན་སྙིང་དང་སླར་གསོའི་ཆེད་དུ་བོད་མིའི་འགན་འཁྲི་ཅི་ཡོད། མཐོ་སྒང་བོད་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན། ཉིན་རེའི་འཚོ་བའི་འཕྲོད་བསྟེན་བྱེད་ལུགས་དང་དེའི་ཕན་ནུས། མཐོ་རིམ་སློབ་མའི་དཀའ་ངལ་ཇི་ཡོད་དང་དེ་དག་སེལ་ཐབས་སྤྱི་སྒེར་ཀྱི་འགན་འཁྲི། བོད་མིའི་ཆིག་སྒྲིལ་གྱི་ནུས་པ་མཐོར་འདེགས་གཏོང་ཐབས་སུ་གཞོན་སྐྱེས་ཚོར་དམིགས་བསལ་འགན་འཁྲི། རིགས་རུས་ཀྱིས་བསྐྲུན་པའི་རྒྱལ་ཞེན་དང་རིག་གཞུང་གིས་བསྐྲུན་པའི་རྒྱལ་ཞེན་སོགས་རྒྱལ་ཞེན་ཡོད་དགོས་ཚུལ། དུས་རབས་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་ཇི་ལྟར་དགོས་ཚུལ། ནུབ་ཕྱོགས་པའི་རྩོམ་རིགས་ཀྱི་སྐོར། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ལྟེ་གནས་ཁག་དང་དེང་དུས་མཐོ་སློབ་ཁག་གི་བར་འབྲེལ་ལམ་ཚུགས་ཐབས། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་པཎ་ཆེན་བླ་མ་གླེང་བ། ཡར་ཀླུང་གི་རྒྱལ་པོ་མུ་ཁྲི་བཙན་པོ་ལས་འཕྲོས་ཏེ་བོད་ཀྱི་རིག་གནས་གླེང་བ། བོད་ཀྱི་རྒྱལ་རབས་དང་འབྲེལ་བའི་འབྲོ་བཟའ་ཁྲི་མ་ལོད་གླེང་བ། བོད་མི་གཞོན་སྐྱེས་ཀྱི་འཚར་ལོངས་ཁྲོད་མི་རིགས་གཞན་གྱི་ཀུན་སྤྱོད་ངན་པས་ཤུགས་རྐྱེན་ཆེ་ཤུགས་ཐེབས་པ་གང་དག་ཡིན་པ་དང་། དེར་གདོང་ལེན་བྱེད་ཕྱོགས་ཀྱི་ཐབས་ལམ། བོད་ཀྱི་སྐད་ཡིག་ནང་ཡོད་པའི་བཀའ་བསྟན་དགོངས་འགྲེལ་དང་བཅས་པ་སྐད་གཞན་དུ་བསྒྱུར་བའི་དགེ་སྐྱོན་ལ་དཔྱད་པ། བརྡ་འཕྲིན་དུས་རབས་འདིར་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་ཐད་གཞོན་སྐྱེས་ཚོར་དམིགས་བསལ་གྱི་འགན་འཁྲི་ཇི་ཡོད། ཤེས་ཡོན་སྡེ་ཁག་ནས་བོད་ཡིག་ལ་དུང་བ་ཟབ་པའི་བོད་ཕྲུག་དག་ལ་རྒྱབ་སྐྱོར་ཇི་ལྟར་བྱེད་ཐུབ་མིན་དང་ཇི་ལྟར་བྱ་དགོས་མིན་སྐོར། བོད་ཀྱི་མཐོ་རིམ་སློབ་མས་རྒྱལ་སྤྱིའི་མཐོ་རིམ་མར་འབྲེལ་ལམ་བྱེད་ཐབས་དང་དེའི་གལ་གནད་གླེང་བ། བཅས་ཡིན་འདུག

ཚོགས་འདུའི་ཉིན་མཐར། སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། ཤེས་རིག་གི་བཀའ་བློན་པདྨ་དབྱངས་ཅན་མཆོག་སོགས་ཕེབས་འཆར་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།