19
Fri, Apr

༢༠༢༠་ལོའི་ཟླ་༡་ཚེས་༢༦་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡་ཚེས་༢༦་ཉིན། བཞུགས་སྒར་རྡ་ས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་མདུན་ཐང་དུ། སྲིད་ཚབ་ཆོས་རིག་བཀའ་བློན་གཙོས་བཀའ་བློན་རྣམ་པ་དང་། དྲུང་ཆེ་རྣམ་པ། ས་གནས་འགོ་འཛིན་བཅས་ཀྱིས་རྒྱ་གར་མང་གཙོའི་ཉིན་མོ་ཐེངས་༧༡་སྲུང་བརྩི་ཞུས་སོང་།

དེ་ཡང་། ཐོག་མ་རྒྱ་གར་གྱི་རྒྱལ་གླུ་གཏོང་ཞོར་སྲིད་ཚབ་བཀའ་བློན་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་སོང་། དེ་ནས་སྲིད་ཚབ་ཀརྨ་དགེ་ལེགས་གཡུ་ཐོག་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། རྒྱ་གར་མང་གཙོ་ཉིན་མོ་ལ་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་སོང་།

ཁོང་གིས་རྒྱ་གར་མང་གཙོའི་ཉིན་མོ་དང་འབྲེལ་བའི་ཐོག་གསུང་དོན། ལོ་ངོ་༧༡་གི་རིང་ལ། རྒྱ་གར་ཡར་རྒྱས་ཕྱིན་ནས་མིག་དཔེ་འོས་པའི་མང་གཙོའི་རྒྱལ་ཁབ་ཅིག་ཆགས་ཡོད། དེར་བསྔགས་བརྗོད་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་པར་ཆ་བཞག་ན། རྒྱ་གར་ཧ་ཅང་བཀའ་དྲིན་ཆེན་པོ་རེད། དེ་བཞིན་བོད་དང་བོད་ཀྱི་རྩ་དོན་མི་ཉམས་གོང་འཕེལ་འགྲོ་བཞིན་ཡོད་པ་དེའང་། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་རེད། དེར་བརྟེན། གོ་སྐབས་འདི་བརྒྱུད་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་བསམ་པ་གཅིག་པོ་མིན་པ། བཀའ་དྲིན་འཇལ་ཐབས་བྱེད་དགོས། དཔལ་འབྱོར་གྱི་ཐོག་ནས་ང་ཚོས་ཁོ་ཚོར་གང་བྱེད་ཐུབ་ཀྱི་མ་རེད། འོན་ཀྱང་། ༸གོང་ས་མཆོག་གི་བཀའ་དགོངས་བཞིན། ཆོས་དང་རིག་གཞུང་གི་ཐོག་ནས་ཞབས་ཞུ་ཞུ་ཐུབ་ཀྱི་རེད། དེར་བརྟེན། ང་ཚོས་དེའི་ནང་ཆ་ཤས་ལེན་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་སོང་།

རྒྱ་གར་གྱི་མང་གཙོའི་ཉིན་མོ་ནི། ལོ་རྟག་ཟླ་༡་ཚེས་༢༦་ཉིན་སྲུང་བརྩི་བྱེད་ཀྱི་ཡོད། རྒྱ་གར་དབྱིན་ཇིའི་དབང་བསྒྱུར་འོག་ནས་༡༩༤༧་ལོའི་ཟླ་༨་ཚེས་༡༥་ཉིན་རང་བཙན་ཐོབ་ཡོད་པ་དང་། ༡༩༥༠ ལོའི་ཟླ་༡ པོའི་ཚེས་༢༦ ཉིན་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དངོས་སུ་ལག་བསྟར་བྱས་ཏེ། ཉིན་མོ་དེ་རྒྱལ་ཁབ་ཀྱི་མང་གཙོའི་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད་ཞིང་། གཞུང་འབྲེལ་གུང་སེང་ཡང་ཡིན། ༢༠༢༠་ལོ་ནི་རྒྱ་གར་གྱི་མང་གཙོའི་དུས་དྲན་ཉིན་མོ་ཐེངས་༧༡་པ་དེ་ཡིན་འདུག