26
སྤེན་པ།, ཟླ་དགུ་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡་ཚེས་༢༢་སྤེལ། ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་སྲ་བརྟན་ཡོང་ཆེད། ཨ་སྒོར་ས་ཡ་དགུ་རོགས་དངུལ་འཕར་མ་གནང་ཡོད་ཅིང་། དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐུགས་རྗེ་ཆེ་ཞུས་འདུག

དེ་ཡང་། གྲོས་ཆོད་དེ་ནི་གྲོས་ཚོགས་འོག་མའི་ནང་དུ་༢༠༡༩་ལོའི་ཟླ་ ༡༠ ཚེས་ ༢༨ ཉིན་གཏན་འབེབ་གནང་བ་དང་། ༢༠༡༩་ལོའི་ཟླ་ ༡༡ ཚེས་ ༡༢ ཉིན་གྲོས་ཚོགས་གོང་མའི་ནང་གཏན་འབེབ་གནང་འདུག དེའི་རྗེས། སྲིད་འཛིན་ཁྲུམ་མཆོག་གིས་༢༠༡༩་ལོའི་ཟླ་ ༡༢ ཚེས་ ༢༠ ཉིན་གྲོས་ཆོད་དེར་མཚན་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབ་གནང་བ་ཞིག་རེད་འདུག

ཐེངས་འདིར་ཨ་རིའི་གྲོས་ཚོགས་ནས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བ་ཚོར་དམིགས་ནས་ཨ་སྒོར་ས་ཡ་དགུ་རོགས་དངུལ་འཕར་མ་གནང་བར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་གཞུང་དང་གྲོས་ཚོགས་ལ་ཐུགས་རྗེ་ཆེ་ཞུས་འདུག སྤྱིར་རོགས་དངུལ་འཕར་མ་དེ་ནི་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཆེད་དམིགས་པ་ཞིག་ཡིན་ཞིང་། དེ་ནི་༢༠༢༠་ལོའི་ཨ་རིའི་སྔོན་རྩིས་ནང་བོད་མི་ཚོར་གནང་ཆེད་གཏན་འབེབ་གནང་ཡོད་འདུག

བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་གྲོས་ཆོད་དང་འབྲེལ་བའི་ཐོག་གསུང་དོན། ༢༠༢༠ ལོའི་ཨ་རིའི་གཞུང་གི་སྔོན་རྩིས་ནང་གྲོས་ཚོགས་ཀྱིས་བོད་མིར་རོགས་དངུལ་འཕར་མ་ཨ་སྒོར་ས་ཡ་དགུ་གནང་རྒྱུར་ཞལ་བཞེས་གནང་ཡོད། དེ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་གནས་ཆེད་ཕན་ཐོགས་ཧ་ཅང་ཡོད། དེར་བརྟེན། ཐེངས་འདིར་ཨ་རིའི་གཞུང་དང་གྲོས་ཚོགས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་རྒྱུན་སྐྱོང་ཐོག་རོགས་དངུལ་དེ་ལྟར་གནང་རྒྱུའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབ་གནང་བར་བོད་མི་ཚོས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

སྤྱིར་སྔོན་རྩིས་བཀའ་འཁྲོལ་དེ་སྔ་གཏན་འབེབ་གནང་ཟིན་པ་ཞིག་ཡིན་ནའང་། བཙན་བྱོལ་བོད་མིའི་ཆེད་རོགས་དངུལ་ཨ་སྒོར་ས་ཡ་དགུ་འཕར་མ་གནང་བ་དེ་ནི་ཨ་རིའི་གཞུང་དང་གྲོས་ཚོགས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་གལ་ཆེར་ངོས་འཛིན་གནང་བ་ཞིག་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོའི་ལས་དོན་ལ་དགོངས་པ་རྒྱ་ཆེ་བཞེས་ནས་རྒྱབ་སྐྱོར་གནང་བ་ཞིག་ཡིན་པ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་། ཕྱི་རྒྱལ་ཡོད་པའི་བོད་མིའི་སྤྱི་ཚོགས་རྒྱ་སྐྱེད་འགྲོ་བཞིན་པ་དེ་དག་ལའང་བསམ་ཤེས་གནང་བ་ཞིག་མཚོན་ཐུབ། རོགས་དངུལ་ཨ་སྒོར་ས་ཡ་དགུ་ནས་ཨ་སྒོར་ས་ཡ་དྲུག་ནི། རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོའི་ཕྲུ་གུའི་ཤེས་ཡོན་གོང་འཕེལ་དང་། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་ཆེད་ཡིན་ཞིང་། ཕྱོགས་མཚུངས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ལ་དམིགས་པ་ཞིག་ཡིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞིའི་ཆེད་ཨ་སྒོར་ས་ཡ་གསུམ་གནང་རྒྱུ་དང་། རོགས་དངུལ་དེ་དག་ཨ་རིའི་རོགས་ཚོགས་(USAID) བརྒྱུད་གནང་གཏན་འཁེལ་འདུག

གཞན་ཡང་། བོད་ནང་དུ་བོད་རང་སྐྱོང་ལྗོངས་གཙོས་པའི་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་བོད་མིའི་རིག་གཞུང་དང་ཁོར་ཡུག ཡུན་གནས་ཐུབ་པའི་ཡར་རྒྱས་ཀྱི་ལས་གཞི། ཤེས་ཡོན་སོགས་ལ་དམིགས་ནས་རོགས་དངུལ་ཨ་སྒོར་ས་ཡ་བརྒྱད་བཀའ་འཁྲོལ་གནང་རྒྱུ་སྔོན་རྩིས་བཀའ་འཁྲོལ་ཁོངས་སུ་ཡོད་འདུག

སྤྱིར་ཨ་རིའི་གྲོས་ཚོགས་ཀྱིས་ཕྱི་ལོ་ ༡༩༨༨ ལོར་ཨ་རིའི་གཞུང་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་དང་དཔལ་འབྱོར། འཕྲོད་བསྟེན་སོགས་ལ་མཐུན་འགྱུར་རོགས་དངུལ་གནང་རྒྱུའི་ལས་གཞི་སྤེལ་འགོ་བརྩམས་པ་ཞིག་རེད་འདུག ལོ་ལྟར་ཨ་རིའི་ཕྱི་འབྲེལ་ལས་དོན་གྱི་སྲིད་བྱུས་ཁོངས་སུ་བོད་མི་བཙན་བྱོལ་བར་རྒྱབ་སྐྱོར་གྱི་རོགས་དངུལ་བཀའ་འཁྲོལ་ཞུ་རྒྱུའི་ལས་གཞི་ཚུད་ཡོད་པ་ཞིག་རེད་འདུག

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།