16
Tue, Apr

༢༠༢༠་ལོའི་ཟླ་༡་ཚེས་༡༠་ཉིན། བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ཁྲིམས་ཞིབ་པའི་ལས་འཁུར་དམ་འབུལ་ཞུ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡་ཚེས་༡༠་ཉིན། བཞུགས་སྒར་རྡ་ས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་ནས། ཆོས་རིག་དྲུང་ཆེ་ཟུར་པ་བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུམ་ཞུས་སོང་།

དེ་ཡང་། གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་དུ། ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས། སྤྱི་འཐུས་ཚོགས་གཙོ། སྤྱི་འཐུས་ཚོགས་གཞོན། སྲིད་ཚབ། བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་། སྤྱི་འཐུས་རྒྱུན་ལས། དྲུང་ཆེ། སྲི་ཞུའི་ལས་བྱེད་བཅས་འཛོམས་ནས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་ནས། ཆོས་རིག་དྲུང་ཆེ་ཟུར་པ་བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ཁྲིམས་ཞིབ་པའི་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་སོང་།

དང་ཐོག དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་ྋརྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། འདེམས་ཐོན་བྱུང་བའི་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་ལགས་ནས་ྋརྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་།

དེ་ནས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་མདུན་ནས། བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ཁྲིམས་ཞིབ་པའི་ལས་འཁུར་དམ་བཅའ་ཕུལ། ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ཁྲིམས་ཞིབ་པ་མཆོག་ལ་རྟེན་འབྱུང་མཇལ་དར་ཕུལ་ནས་ཁྲིམས་ཞིབ་པ་མཆོག་ནས་དམ་འབུལ་མ་དེབ་ཐོག་ཏུ་མཚན་རྟགས་བཀོད་སོང་། དེའི་རྗེས། སྐུ་མགྲོན་རྣམ་པས་རིམ་བཞིན་ྋརྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་དོད་དང༌། ཁྲིམས་ཞིབ་པ་མཆོག་ལ་རྟེན་འབྱུང་མཇལ་དར་ཕུལ་ནས་དམ་འབུལ་མཛད་སྒོ་གྲོལ་སོང་།

མཐའ་མར། གསར་འགོད་པ་ཚོས་བསྟན་འཛིན་ལུང་རྟོགས་མཆོག་ལ་ཁྲིམས་ཞིབ་པའི་ལས་འཁུར་བཞེས་ནས་ཚོར་བ་དང་མ་འོངས་པའི་ལས་འགན་སྒྲུབ་ཕྱོགས་བཅས་ཀྱི་སྐོར་འདྲི་སྐབས། ཁོང་གིས་བརྗོད་དོན། མ་འོངས་པ་ལས་ཀ་ནི་གཙོ་བོ་བཅའ་ཁྲིམས་རིན་པོ་ཆེའི་དགོངས་གཞི་ལྟར་སྒྲུབ་རྒྱུ་དང་། ད་བར་ལོ་ངོ་ཉེར་ལྔ་ཙམ་བོད་མིའི་སྒྲིག་འཛུགས་ཀྱི་དཀྱིལ་འཁོར་ནང་དུ་སྲི་ཞུ་ཞུས་པ་རེད། དེ་རིང་ཁྲིམས་ཞིབ་པའི་དམ་བཅའ་ཕུལ་ནས་ཁྲིམས་ཞིབ་པ་ཆགས་འགྲོ་ཡོད་རེད། འོན་ཀྱང་དཀྱིལ་འཁོར་འདིའི་ནང་དུ་རང་སྲི་ཞུ་སྒྲུབ་དགོས་དུས། དམིགས་བསལ་ཚོར་བ་གང་བྱུང་མ་སོང་། ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་དཀྱིལ་འཁོར་ནང་དུ་སྲི་ཞུ་སྒྲུབ་དུས། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་དང་། ལས་ཀ་གང་བྱས་པ་ཡིན་ནའང་དྲང་བདེན་དང་། ལྷག་བསམ་རྣམ་དག་གི་ཐོག་ནས་བྱེད་རྒྱུ་གལ་ཆེ་ཤོས་མཐོང་གི་ཡོད། ཅེས་བརྗོད་སོང་།

བསྟན་འཛིན་ལུང་རྟོགས་ལགས་ནི། ཕྱི་ལོ་ ༡༩༦༩ ཟླ་ ༧ ཚེས་ ༡ ཉིན་མོན་གྷོ་འདོད་རྒུ་གླིང་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༠ ལོར་སྦེལ་ཀོབ་དབུས་བོད་སློབ་ནས་འཛིན་རིམ་བཅུ་གཉིས་དང་ཕྱི་ལོ་ ༡༩༩༣ ལོར་ཅན་དྷི་སྒར་མཐོ་སློབ་ནས་ཐུན་མོང་གཙུག་ལག་སློབ་ཐོན་དང་། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༡ ནས་དྲུང་གཞོན་ལས་རོགས་གནས་རིམ་ཐོག་ཟླ་དྲུག་ཚོད་ལྟར་གསར་བསྐོ་དང་། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༨ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ལས་སུ་ལས་འགན་བསྐོ་གཞག་གནང་འདུག

ཕྱི་ལོ་ ༡༩༩༦ ཟླ་ ༤ ཚེས་ ༢༤ ནས་ལས་ངོར་བསྐོ་གཞག་དང་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༦ ཟླ་ ༡༠ ཚེས་ ༡༠ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ལས་སུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༩ ནས་དྲུང་ཆེ་གཞོན་པར་གནས་སྤར་གྱིས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་བསྐོ་གཞག ཕྱི་ལོ་ ༢༠༠༢ ཟླ་ ༨ ཚེས་ ༥ ནས་བལ་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༡༡ ནས་སྦིར་བོད་ཚོགས་ཀྱི་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༦ ཚེས་ ༤ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༧ ཚེས་ ༡༢ ནས་གཞུང་ཞབས་འདེམས་ལྷན་གྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༩ ནས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༢༠ ནས་ཟུང་དྲུང་དུ་གནས་སྤར་གྱིས་ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༢༨ ནས་དཔལ་འབྱོར་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོ་གཞག ཕྱི་ལོ་ ༢༠༠༦ ཟླ་ ༨ ཚེས་ ༡ ནས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༥ ནས་འོས་བསྡུ་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༥ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ནས་ལས་འགན་རང་འཇགས་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༨ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཚབ་ཏུ་བསྐོ་གཞག ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གིས་ཞབས་ཞུ་ཞུས་ཡོད་འདུག