18
Thu, Apr

༢༠༢༠་ལོའི་ཟླ་༡་ཚེས་༩་ཉིན། ཁམས་སྤྲུལ་རིན་པོ་ཆེ་འཇམ་དབྱངས་དོན་གྲུབ་མཆོག་ལ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞུས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡་ཚེས་༩ཉིན། བཞུགས་སྒར་རྡ་ས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལས་བྱེད་ཀྱིས། ཆོས་རིག་དྲུང་ཟུར་སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་འཇམ་དབྱངས་དོན་གྲུབ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་དང་སྦྲགས་མྱ་ངན་གུས་འདུད་མཚོན་ཕྱིར་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཉིན་གུང་ཆུ་ཚོད་༢་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཟུར་སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་འཇམ་དབྱངས་དོན་གྲུབ་མཆོག ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༠ རེས་གཟའ་ཟླ་བའི་ཉིན་གྱི་ཐོ་རེངས་ཆུ་ཚོད་ ༡།༥༦ ཙམ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཐུགས་ཕམ་དང་སྦྲགས། རིན་པོ་ཆེ་དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་མི་རིགས་དང་ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་དུས་ཚོད་གཉན་འཕྲང་ཆེ་བའི་སྐབས་ཞབས་འདེགས་གནང་ཡོད་པར་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་དང་། རིན་པོ་ཆེ་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ཡོངས་སུ་རྫོགས་པ་དང་། བསྟན་འགྲོའི་དོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་བྱོན་ཡོང་ཕྱིར། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་གནང་ནས་མཆོད་འབུལ་སྨོན་ལམ་དང་སྦྲགས་མྱ་ངན་གུས་འདུད་ཞུས་སོང་།

དེའི་ཐོག དཔལ་ལྡན་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསུང་བཤད་གནང་དོན། དེ་རིང་གི་མཆོད་འབུལ་སྨོན་ལམ་བསྐོང་ཚོགས་གནང་དགོས་ནི། ༢༠༡༩་ལོའི་ཟླ་ ༡༢ ཚེས་༣༠ རེས་གཟའ་ཟླ་བའི་ཉིན་སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་འཇམ་དབྱངས་དོན་གྲུབ་མཆོག་དགུང་ལོ་ ༩༡ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏེ་ཐུགས་དམ་ལ་བཞུགས་པ་བཞིན་ཁ་སང་ཕྱི་ཚེས་ ༨ བར་གསང་རྒྱ་བཞག་པ་རེད། དམ་པ་ཁོང་ལ་བོད་མིའི་སྒྲིག་འཛུགས་སྤྱིས་ཚབ་ཞུས་ཏེ་སྨོན་ལམ་ཞུས་པ་དང་སྦྲགས། ཤུལ་ལུས་ནང་མི་སྤུན་མཆེད་སོགས་ལ་གདུང་སེམས་མཉམ་སྐྱེ་དང་ཐུགས་གསོ་གཏིང་ཟབ་ཞུ་གི་ཡོད། བཀའ་ཤག་ངོས་ནས་དམ་པ་ཁོང་སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་ཏེ་གོང་མའི་རྣམ་ཐར་བདག་གིར་བཞེས་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེའི་རྗེས་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་ཆོས་རིག་དྲུང་ཟུར་སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་འཇམ་དབྱངས་དོན་གྲུབ་མཆོག་མཛད་རྣམ་སྙིང་བསྡུས་ཤིག་སྒྲོགས་སྦྱང་ཞུས་རྗེས་སྨོན་ལམ་གསུང་དོན་མུ་མཐུད་གནང་། ཉིན་རྒྱབ་ཆུ་ཚོད་ ༢ ནས་གཞུང་འབྲེལ་མྱ་ངན་གུས་འདུད་མཚོན་ཕྱིར་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་འདུག

དྲུང་ཟུར་སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་ནི་ཡབ་ངག་དབང་ལེགས་གྲུབ་དང་ཡུམ་བསོད་ནམས་དབྱངས་ཅན་གཉིས་ཀྱི་སྲས་སུ་བོད་ས་འབྲུག་ཕྱི་ལོ་ ༡༩༢༨ ཟླ་ ༡༢ ཚེས་ ༢༩ ཉིན་བོད་མདོ་ཁམས་ལི་ཐང་གདོང་མགོ་ཚང་དུ་སྐུ་འཁྲུངས། དགུང་གྲངས་ ༤ ནས་བོད་ཡིག་འབྲི་ཀློག་གི་སློབ་སྦྱོང་གནང་བ་དང་། དགུང་གྲངས་ ༦ ལ་ཕེབས་སྐབས་ལི་ཐང་དགོན་དུ་ཆོས་བཞུགས་གནང་། དེ་ནས་དགུང་གྲངས་ ༨ ལ་ཕེབས་སྐབས་སྒ་རྗེ་ཁམས་དབུས་དགོན་པའི་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་མཛད།

ཕྱི་ལོ་ ༡༩༥༦ ལོར་ལྷ་ས་ཁུལ་གནས་མཇལ་དུ་ཕེབས་རྗེས་དུས་ཟིང་གིས་ཕྱིར་རང་དགོན་དུ་ཕེབས་རེ་བྲལ། ཕྱི་ལོ་ ༡༩༥༩ ལོར་བོད་ནས་དུས་ཟིང་གི་རྗེས་སུ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས། ཕྱི་ལོ་ ༡༩༦༡ ཙམ་ནས་བཙན་བྱོལ་གཞུང་གི་བཀོད་སྒྲིག་གནང་བར་ལྟར་ཐོག་མར་རྒྱ་གར་བྱང་ཤར་ཅང་ལང་བོད་མིའི་འགན་འཛིན་དང་། དེ་ནས་རིམ་བཞིན་ཆོས་རིག་ལས་ཁུངས་ནང་དྲུང་གཞོན་གནང་། ཕྱི་ལོ་ ༡༩༨༠ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་མཛད་ཁུར་བཞེས་ཏེ་བགྲེས་ཡོལ་ཕར་འགྱངས་ལོ་གསུམ་བཞུགས། ཕྱི་ལོ་ ༡༩༨༦ ནས་བགྲེས་ཡོལ་དུ་ཕེབས།

སྤྱིར་འཛམ་གླིང་ཡུལ་གྲུ་དུ་མར་དད་ལྡན་གྱི་གདུལ་བྱ་གྲངས་ལས་འདས་པ་བསྡུ་དངོས་བཞི་ཡིས་རྗེས་སུ་བཟུང་པ་དང་། བསྟན་སྲིད་ལ་སྨན་པའི་མཛད་པ་རྒྱ་ཆེར་བསྐྱངས། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་སྲོལ་དྲི་མ་མེད་པའི་སྐྱོང་བའི་ཆོས་སྡེ་ལྷུན་འགྲུབ་འཆི་མེད་དགའ་ཚལ་གླིང་རྟེན་དང་བརྟེན་པར་བཅས་གསར་དུ་བཞེངས། མདོར་ན་བཙན་བྱོལ་བོད་མིའི་གནས་སྟངས་གཉན་ཕྲང་ཆེ་བའི་དུས་སྐབས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འོག་༸མགོན་པོ་མཆོག་གི་བཀའ་དགོངས་ལྟར་སྐུ་ཚེ་ཧྲིལ་པར་ལུང་གཉིས་ཀྱི་སྒོ་ནས་བོད་བསྟན་སྲིད་སྤྱིའི་ཕན་བདེའི་སླད་ལྷག་བསམ་རྣམ་དག་གི་མཛད་ཁུར་ཆེ་བཞེས་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༠ ཐོ་རེངས་ཆུ་ཚོད་ ༡:༥༦ ཙམ་ལ་དགུང་གྲངས་ ༩༡ ཐོག་ལྡི་ལི་ མར་ཁི་སི(Max) སྨན་ཁང་ནང་དགོངས་པ་རྫོགས་པའི་ཡིད་སྐྱོ་གནས་ཚུལ་བྱུང་བ་དང་ད་བར་ཐུགས་དམ་དུ་བཞུགས་མུས། བཅས་སྐུ་ཚེའི་རྣམ་ཐར་རྒྱུས་སྙིང་བསྡུས་ཤིག