19
Fri, Apr

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡་ཚེས་༨ཉིན། ༸གོང་ས་མཆོག་གིས་ཨོ་གླིང་གི་སྲིད་བློན་ལ་ཤིང་ཕྲིན་གྱི་མེ་སྐྱོན་ཤུགས་ཆེན་ཤོར་ནས་མི་དང་སེམས་ཅན་སོགས་ལ་ཚེ་སྲོག་གི་གོད་ཆག་བྱུང་བ་ནི་ཡིད་སྐྱོའི་གནས་ཚུལ་ཡིན་པ་དང་། ཨོ་གླིང་སྲིད་བློན་དང་མི་མང་བཅས་ལ་ཐུགས་གསོའི་གསུང་འཕྲིན་མཛད་འདུག

དེ་ཡང་། ཨོ་གླིང་ལ་ཤིང་ཕྲན་གྱི་མེ་སྐྱོན་ཤོར་ནས་མི་གྲངས་༢༥་ཡི་ཚེ་སྲོག་དང་སེམས་ཅན་སྟོང་ཕྲག་མང་པོའི་སྲོག་ཤོར་ཡོད་པ་དང་། སྡོད་ཁྱིམ་སྟོང་ཕྲག་གཉིས་ཙམ་གནོད་འཚེ་བྱུང་ཡོད་འདུག དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་གླིང་མི་མང་ལ་སྲིད་བློན་སི་ཁོ་ཊི་མོ་རི་སོན་(Scott Morrison )བརྒྱུད་ནས་ཐུགས་གསོའི་གསུང་འཕྲིན་མཛད་འདུག

༸གོང་ས་མཆོག་གི་གསུང་འཕྲིན་ནང་དུ་འཁོད་དོན། ཨོ་གླིང་དུ་ཤིང་ཕྲན་གྱི་མེ་སྐྱོན་ལ་བརྟེན་ནས་གོད་ཆག་ཆེན་པོ་བཟོས་ཡོད་པར་སེམས་སྐྱོ་དགོས་པ་ཞིག་རེད། འོན་ཀྱང་། དེ་བཞིན་མི་མང་པོ་ཞིག་གིས་དང་བླངས་ངང་མེ་གསོད་མཁན་བཞིན་སྙིང་སྟོབས་ཆེན་པོའི་འགོ་ནས་མེ་གསོད་ཐབས་བྱེད་བཞིན་ཡོད་པར་སེམས་སྐུལ་ཐེབས་སོང་།

ངོས་ཀྱིས་མེ་སྐྱོན་ཁྲོད་ཚེ་སྲོག་ཤོར་བའི་མི་རྣམས་ཀྱི་ནང་མི་དང་། མེ་སྐྱོན་གྱིས་ཁྱིམ་དང་དངོས་པོ་མེད་པ་བཟོས་པ་བཅས་ལ་ཐུགས་སྨོན་ཞུ་བཞིན་ཡོད། མེ་སྐྱོན་གྱི་ཁྲོད་དུ་བྱ་དང་སེམས་ཅན་མང་པོ་ཞིག་གི་ཚེ་སྲོག་ཀྱང་ཤོར་དང་ཤོར་བཞིན་ཡོད་པ་ནི་སེམས་སྐྱོའི་གཞི་རེད། འོན་ཀྱང་། ཨོ་གླིང་གཞུང་དང་མངའ་སྡེ་གཞུང། ས་གནས་གཞུང་བཅས་ཀྱིས་མེ་གསོད་ཐབས་དང་མེ་སྐྱོན་ཕོགས་པའི་མི་རྣམས་ལ་མཐུན་འགྱུར་རོགས་རོམ་དང་སེམས་ཅན་སོགས་ལ་རོགས་སྐྱོབ་བྱས་དང་བྱེད་བཞིན་ཡོད་པར་རྗེས་སུ་ཡི་རངས་ཞུ་ཡི་ཡོད།

དེ་བཞིན། ངོས་ཀྱིས་ཨོ་གླིང་དུ་ཤིང་ཕྲན་མེ་སྐྱོན་གྱི་གནོད་སྐྱོན་ཕོགས་མཁན་ཚོར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་རོགས་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་བཞིན་པར་སེམས་འགུལ་ཐེབས་སོང་། དེ་ནི་འགྲོ་བ་མི་ནི་བྱམས་བརྩེ་རང་བཞིན་ལྡན་པ་དང་འགྲོ་བ་མི་གཅིག་འགྱུར་གྱི་དཔེ་མཚོན་ཞིག་རེད། ང་ཚོ་མི་རེ་ངོ་རེ་ཡིས་ངེས་པ་དུ་གོ་ལའི་ཚ་དྲོད་ལ་འགོག་ཐབས་བྱེད་དགོས།

ཁྱེད་ཀྱིས་མཁྱེར་གསལ་ལྟར། ངོས་ཀྱང་ཨོ་གླིང་ལ་ཐེངས་མང་སླེབས་མྱོང་ཡོད་པ་དང་། གནས་དེར་ཡོད་པའི་མི་མང་གིས་ངོས་ལ་བཅངས་པའི་བརྩེ་བ་དང་། ངོས་ཀྱིས་འགྲོ་བ་མིའི་རིན་ཐང་དང་སེམས་ཀྱི་ཞི་བདེ་གོང་འཕེལ་གཏོང་བར། ཨོ་གླིང་མི་མང་གིས་དོ་སྣང་དང་ཐུགས་ཁུར་བྱེད་པར་སེམས་འགུལ་ཤུགས་ཆེན་ཐེབས་སོང་། ཅེས་འཁོད་འདུག

ཨོ་གླིང་ལ་ཤིང་ཕྲན་མི་སྐྱོན་བྱུང་ནས་མི་གྲངས་༢༥་ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། སྡོད་ཁྱིམ་༢༠༠༠་ཙམ་ལ་གཏོར་བཤིག་བཏང་ཡོད་འདུག དེ་བཞིན། སེམས་ཅན་དུང་ཕྱུར་བཅུ་ཙམ་མེད་པ་ཆགས་ཡོད་འདུག མེ་སྐྱོན་རྐྱེན་གྱིས་ཨོ་གླིང་གི་གྲོང་འཁྱེར་སི་ཎི་མཁའ་དབྱིངས་སུ་སེར་པོ་གྱུར་ནས་མི་མང་གི་དབུགས་གཏོང་ཐེངས་གཅིག་ལ་ཐ་མ་རྐང་༣༧་འཐེན་པ་བཞིན་གནོད་འཚེ་ཡོད་པར་བརྗོད་འདུག ཐེངས་འདིའི་མེ་སྐྱོན་གནོད་འཚེ་ནི་ཨོ་གླིང་གི་སྣོད་བཅུད་མ་ལག་ལ་གནོད་སྐྱོན་ཡུད་རིང་ཐེབས་རྒྱུ་ཡིན་པར་ཚན་རིག་པས་འགྲེལ་བརྗོད་བྱས་འདུག