23
Tue, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༢་ཚེས་༢༡ཉིན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊིར་དཔལ་ལྡན་དགའ་ལྡན་དགོན་དུ། ༸གོང་ས་མཆོག་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་དང་མཁན་པོ། གྲྭ་བཙུན། རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཆེན་མོའི་ཐོག་ཕེབས་པའི་མཁས་པ་རྣམ་པ། ཕྱི་རྒྱལ་ཡུལ་གྲུལ་ཁག་ནས་ཕེབས་པའི་སེར་སྐྱ་མི་མང་བཅས་མི་གྲངས་སྟོང་ཕྲག་ཁ་ཤས་ཀྱིས་རྗེ་ཙོང་ཁ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་༦༠༠་འཁོར་བའི་རྗེས་དྲན་ཉིན་སྲུང་བརྩི་གནང་འདུག

དེ་ཡང་། ཕྱི་ཟླ་༡༢་པའི་ཚེས་༢༡་ཉིན་དང་། བོད་ཟླ་༡༠་ཚེས་༢༥་ཉིན་ནི། རྗེ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་དུས་མཆོད་གྱི་ཉིན་མོ་ཡིན་པ་དང་། ད་ལོ་ནི་རྗེ་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་ནས་ལོ་༦༠༠ འཁོར་བའི་རྗེས་དྲན་ཉིན་ཡིན་འདུག དེར་བརྟེན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་རྟེན་གཞི་བྱས་པའི་དཔལ་ལྡན་དགའ་ལྡན་བླ་སྤྱིའི་འདུ་ཁང་དུ། བོད་ཀྱི་བླ་ན་མེད་པའི་༸སྤྱི་ནོར་ ༸གོང་ས་མཆོག་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་དང་མཁན་པོ། གྲྭ་བཙུན། རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཐོག་ཕེབས་པའི་མཁས་པ་རྣམ་པ། ཕྱི་རྒྱལ་ཡུལ་གྲུལ་ཁག་ནས་ཕེབས་པའི་སེར་སྐྱ་མི་མང་བཅས་མི་གྲངས་སྟོང་ཕྲག་ཁ་ཤས་འཛོམས་ཡོིད་འདུག

མཛད་སྒོ་དེའི་ཐོག ༸གོང་ས་མཆོག་དང་། དགའ་ལྡན་ཁྲི་པ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་མཆོག་སོགས་ཀྱིས་གསུང་བཤད་གནང་ཡོད་འདུག གཞན་ཡང་། རྗེ་ཙོང་ཁ་པ་ལོ་རྒྱུས་དང་མཛད་རྗེ་སོགས་ཀྱི་སྐོར་བོད་དབྱིན་བཅས་ཀྱི་ནང་དུ་བརྩམས་པའི་དཔེ་དེབ་ཁ་ཅིག་དབུ་འབྱེད་གནང་ཡོད་འདུག

དེ་ཡང་། རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་མཆོག་ནི། བོད་རབ་བྱུང་དྲུག་པའི་མེ་བྱ་སྟེ་སྤྱི་ལོ ༡༣༥༧ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་། རྗེ་བདག་ཉིད་ཆེན་པོ་འདི་པས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་། དགའ་ལྡན་སྒྲུབ་མཆོད་ཆེན་མོ། གཉལ་གྱི་ལུང་ར་ཆེན་མོ། རྫིང་ཕྱིའི་བྱམས་པ་ཞིག་གསོ་བྱས་པ་སོགས་ཀྱི་མཛད་འཕྲིན་བླ་ན་མེད་པ་བགྱིས། ཁོང་ཉིད་རབ་བྱུང་བདུན་པའི་ས་ཕག་ལོ་སྟེ་སྤྱི་ལོ་ ༡༤༡༩ ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ཏེ་དགུང་གྲངས་རེ་གསུམ་སྟེང་གཟིམ་ཁང་འོད་གསལ་སྦུག་ཏུ་དགོངས་པ་རྫོགས།

 དེའི་ཕྱིའི་ལྕགས་བྱི་ལོ་སྟེ་སྤྱི་ལོ ༡༤༢༠ ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན། དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་མེད་གསུམ་དང་། ཀྱེ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིགས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་དང་དགོངས་རྫོགས་རྒྱ་ཆེ་སྨིན་སྒྲུབ་མཛད་པ་དང་མཉམ་དུ། ཆོས་རྗེ་ཤཱཀྱ་ཡེ་ཤེས་གདན་དྲངས་ཏེ་དགེ་འདུན་མང་པོས་ཆོས་ཀྱི་མཆོད་འབུལ་རྒྱ་ཆེར་མཛད་པ་ནས་བཟུང་།

དེང་སང་གི་བར་དུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་བོད་ཡུལ་ཆོལ་ཁ་གསུམ་དུ་དད་ལྡན་མང་ཚོགས་ཀྱིས་མཆོད་པ་འབུལ་བ་དང་། ཕྱག་འཚལ་བ། སྨྱུང་གནས་སྲུང་བ། དམིགས་བརྩེ་མ་ཟློ་བ། དཀར་བའི་ལས་བགྱི་བ་སོགས་ཆོས་ཀྱི་ཆོ་ག་རྒྱ་ཆེན་པོ་བྱེད་པའི་སྲོལ་འདི་བྱུང་ཞིང་། དུས་ད་ལྟའི་བར་དུ་མ་ཉམས་པར་ཡོད་པ་དེའི་ཐོག་ནས་སེར་སྐྱ་ཡོངས་ཀྱིས་རྗེ་བདག་ཉིད་ཆེན་པོར་སྙིང་དབུས་ནས་དད་གུས་ཀྱིས་རྗེས་དྲན་ཞུ་བ་མཚོན་པར་བྱེད་ཀྱིན་ཡོད་པ་རེད།

དགུང་ལོ་ང་གསུམ་པ་ས་གླང་སྤྱི་ལོ་ ༡༤༡༩ ལོར་ལྷ་ས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཆོད་ཚོགས་བཙུགས་པ་དང་། རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་སྟེ། ཆོས་ཀྱི་སྦྱིན་པ་བསམ་གྱི་མི་ཁྱབ་པ་མཛད། དགུང་ལོ་རེ་གཅིག་པ་མེ་བྱ་སྤྱི་ལོ་ ༡༤༡༧ ལོར་དགའ་ལྡན་དུ་དཀྱིལ་འཁོར་སྒྲུབ་མཆོད་མཛད། ཡངས་པ་ཅན་གྱི་རྟེན་རྣམས་བཞེངས། དགུང་ལོ་རེ་གསུམ་པ་རབ་བྱུང་བདུན་པའི་ས་ཕག་སྤྱི་ལོ་ ༡༤༡༩ ལོའི་བོད་ཟླ་ ༡༠ བའི་ཚེས་ ༢༥ ཉིན་དགའ་ལྡན་དུ་ཞི་བར་གཤེགས། །