25
Thu, Apr

༢༠༡༩ལོ་ཟླ་༡༢་ཚེས་༩་ཉིན། གསར་འགོད་གསལ་བསྒྲགས་སྤེལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༢་ཚེས་༩ ཉིན། བཞུགས་སྒར་རྡ་ས་བོད་མའི་ས་གནས་འགོ་འཛིན་ལས་ཁུངས་སུ། འཕགས་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་འོག ཉིན་གསུམ་གྱི་རིང་ལ། ཧི་མ་ལ་ཡའི་རི་བརྒྱུད་ཁག་གི་མི་རིགས་ཀྱི་འཁྲབ་སྟོན་སྡེ་ཚན་ཁག་༣༠་ཞིག་གིས་འཁྲབ་སྟོན་བྱས་ཏེ། ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་གནང་རྒྱུ་དང་འབྲེལ་བའི་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

དེ་ཡང་། གསར་འགོད་གསལ་བསྒྲགས་ཐོག་ཏུ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་དང་འཕགས་བོད་མཛའ་འབྲེལ་ཚོགས་པའི་ལམ་སྟོན་པ་ཨཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇི་སིན(Ajay Singh Mankotia)། རྡ་ས་ས་གནས་འགན་འཛིན་ཀུན་དགའ་ཚེ་རིང་ལགས་བཅས་ཀྱིས། ཟླ་འདིའི་ཚེས་༡༠་ནས་༡༢་བར་ཉིན་གསུམ་རིང་རྡ་ས་ཟློས་གར་ཚོགས་ཁང་དུ། ཧི་མ་ལ་ཡའི་དུས་སྟོན་སྐབས་༢༤་པ་ཚོགས་ཏེ། ཧི་མ་ལ་ཡའི་རི་བརྒྱུད་ཁག་གི་རིག་གཞུང་འཁྲབ་སྟོན་བྱ་རྒྱུ་ཡིན་པའི་སྐོར་གསལ་བསྒྲགས་གནང་སོང་།

དང་ཐོག ཨཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དུས་སྟོན་དང་འབྲེལ་བའི་ཐོག་གསུང་དོན། འཕགས་བོད་མཛའ་འབྲེལ་ཚོགས་པ་ནི་༡༩༩༥་ལོར་བཙུགས་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་བོད་དོན་རྒྱབ་སྐྱོར་དང་འཕགས་བོད་བར་གཅིག་ཕན་གཅིག་གྲོགས་ཡོང་བའི་ཆེད་དུ་རེད། འཕགས་བོད་མཛའ་འབྲེལ་ཚོགས་པས་ལོ་གཅིག་གི་ནང་དུ་ལས་དོན་གཙོ་བོ་ཁག་བཞི་བྱེད་ཀྱི་ཡོད་ཅིང་། དེའི་ནང་ནས་ཧི་མ་ལའི་དུས་སྟོན་གཅིག་རེད། དེ་ནས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཐོག་རྡ་ས་གཡས་གཡོན་ཁོར་ཡུག་གཙང་བཟོ་ཐེངས་གཉིས་བྱེད་ཀྱི་ཡོད། ད་ལོར་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དང་འབྲེལ་བའི་ཐོག་བགྲོ་གླེང་གོ་སྒྲིག་བྱས་ཡོད། ༸གོང་ས་མཆོག་གི་འཁྲུངས་སྐར་གྱི་སྐབས་སུ། བོད་པའི་སྨན་ཁྱབ་བསྒྲགས་དང་མཉམ་དུ་བོད་དོན་གོ་རྟོགས་དང་དྲིལ་བསྒྲགས་བྱེད་ཀྱི་ཡོད་རེད། དེའི་རྗེས་སུ། རྡ་ས་གཡས་གཡོན་དུ་ཡོད་པའི་རྒྱ་གར་སློབ་གྲྭ་ཁག་གི་ནང་དུ་༸གོང་ས་མཆོག་གི་སྐོར་དང་། ཧི་མ་ལ་ཡ་དང་བོད་ཀྱི་ཁོར་ཡུག་གི་ཐོག་བྲིས་རྩོམ་འགྲན་བསྡུར་བྱེད་ཀྱི་ཡོད་རེད།

ཡང་ཁོང་གིས་བརྗོད་དོན། བོད་མིའི་སྒྲིག་འཛུགས་དང་རྒྱ་གར་མངའ་སྡེ་གཞུང་གཉིས་ཀྱིས་དངུལ་གྱི་མཐུན་སྦྱོར་རོགས་རམ་དང་། དེ་བཞིན་ད་ལོར་རྒྱ་གར་ཚོང་སྡེ་ཚོགས་པ་ཁག་ཅིག་གིས་དངུལ་གྱི་རོགས་རམ་གནང་ཡོད། ཧི་མ་ལ་ཡའི་དུས་སྟོན་ཐོག ཧི་མ་ལ་ཡའི་རི་བརྒྱུད་ཁག་དང་བོད་ཀྱི་གཞས་སྣ་འཁྲབ་སྟོན་སྡེ་ཚན་ཁྱོན་སྡེ་ཚན་ཁག་༣༠་ཡོད་པ་རྣམས་ལ་ལག་ཁྱེར་དང་དངུལ་སྤྲོད་ཀྱི་ཡོད། དུས་སྟོན་འདི་བརྒྱུད་རིག་གཞུང་འཁྲབ་སྟོན་དང་རིག་གཞུང་གོང་འཕེལ་ཡོང་ཆེད་ཡིན་པ་དང་། བོད་དང་རྒྱ་གར་གྱི་རིག་གཞུང་གི་འཁྲབ་སྟོན་བྱ་རྒྱུ་ཡིན་འདུག དེའི་ཐོག འགྲེམས་སྟོན་འདྲ་མིན་ཡོད་པའི་ནང་ནས་སྨན་རྩིས་ཁང་གི་སྨན་དང་། བོད་ཀྱི་སྐོར་དྲིལ་བསྒྲགས་སོགས་ཡོད་འདུག

དུས་སྟོན་ཐོག སྐུ་མགྲོན་མགྲོན་ཞུ་བའི་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན། རྒྱ་གར་གྲོས་ཚོགས་འཐུས་མི་སོགས་ཡོད། དུས་སྟོན་འདི་ནི་བོད་དོན་གོ་རྟོགས་དང་སྲིད་དོན་ཐོག་རྒྱབ་སྐྱོར་ཡོང་ཆེད་ཡིན།

དེའི་སྔོན། འཕགས་བོད་མཛའ་འབྲེལ་ཚོགས་པས་རྒྱ་གར་མངའ་སྡེ་གཞུང་ལ་སྙན་ཞུ་ཕུལ་ནས་རྡ་སར་མི་མང་འདུ་འཛོམས་དང་གཞས་སྣ་འཁྲབ་སྟོན་བྱེད་པའི་ཚོགས་ཁང་ཅིག་མཐུན་སྦྱོར་རོགས་རམ་ཡོང་བར་ཞུས་རྗེས། ད་ལྟར་ཁི་ལམ་མགྲོན་ཁང(Club House)འགྲམ་ལ་ཁང་པ་རྒྱག་གི་ཡོད་འདུག