19
Fri, Apr

༢༠༡༩ལོའི་ཟླ་༡༢་ཚེས་༧་ཉིན། ༸གོང་ས་མཆོག་གིས་ཀིརྟི་བྱེས་པ་གྲྭ་ཚང་ལ་བཀའ་སློབ་ལམ་སྟོན་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༡༢་ཚེས་༧་ཉིན། བཞུགས་སྒར་རྡ་སའི་ཀིརྟིའི་བྱེས་པ་གྲྭ་ཚང་དུ། ༸གོང་ས་མཆོག་དང་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བླ་ཆེན་དང་མཁས་དབང་བཅས་དབུ་བཞུགས་ཐོག་དུས་དྲན་སྲུང་བརྩི་ཞུས་པ་དང་སྦྲགས། མ་འོངས་པའི་བསྟན་འཛིན་ཀྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་འགོ་འཛུགས་གནང་སོང་།

དེ་ཡང་། དུས་དྲན་མཛད་སྒོའི་ཐོག ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། སྐུ་མགྲོན་གཙོ་བོ་མང་གཙོ་ཀ་བ་གསུམ་གྱི་དབུ་ཁྲིད་རྣམ་པ་གསུམ་དང་། དམིགས་བསལ་སྐུ་མགྲོན་ཆོས་རིག་བཀའ་བློན་དང་ཤེས་རིག་བཀའ་བློན་རྣམ་གཉིས། བགྲོ་གླེང་གི་ཚོགས་ཆེན་ཐོག་དམིགས་བསལ་ལམ་སྟོན་བཀའ་སློབ་གནང་མཁན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག མཁས་དབང་ཁག་ཅིག རྒྱ་བལ་འབྲུག་གསུམ་དང་ཧི་མ་ལའི་རི་རྒྱུད་རིས་མེད་ཀྱི་དགོན་སྡེ་དང་བཙུན་དགོན་ཁག་གི་དབུ་འཛིན་དང་སློབ་གྲྭའི་སློབ་སྤྱི། འཛིན་སྐྱོང་པ། དགེ་རྒན་བགྲེས་པ་ཉམས་མྱོང་ཅན། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ། ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། མི་མང་བཅས་ཁྱོན་མི་གྲངས་བརྒྱ་ལྷག་འཛོམས་འདུག

ཐོག་མར། ༸གོང་ས་མཆོག་ནས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་རྩོམ་སྒྲིག་གནང་བའི་སྔོན་འགྲོའི་འཛིན་གྲྭ་དང་འཛིན་གྲྭ་དང་པོ་དང་དགུ་པའི་བར་བཅས་ཀྱི་སློབ་དེབ་བློ་གསལ་མགུན་རྒྱན་ཞེས་པ་དེབ་ཕྲེང་༦༩་ཅན་དབུ་འབྱེད་གནང་སོང་། སློབ་དེབ་དེབ་ཕྲེང་༦༩་ཡོད་པའི་ནང་ནས་རྒྱལ་རབས་དང་། བརྡ་སྤྲོད། སྙན་ངག སོགས་ཡོད་ཅིང་། དེབ་ཕྲེང་དེ་དག་རིན་པོ་ཆེ་ཁོང་གིས་ལོ་གསུམ་རིང་སྐུ་ལས་བསྐྱོན་ནས་སྒྲུབ་པ་ཞིག་ཡིན་འདུག དེབ་ཕྲེང་དེ་ཚོ་བོད་ཕྱི་ནང་གཉིས་ཀྱིས་དྲ་རྒྱ་ཡི་ཐོག་ནས་ལྟ་ཐུབ་ཀྱི་ཡོད་འདུག

དེ་ནས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་ཀིརྟི་བྱེས་པ་གྲྭ་ཚང་གི་བཀའ་པོད་ལྔའི་སློབ་མཐར་སོན་པའི་སློབ་ཐོན་པ་དང་པོ་རྣམས་ལ་འདུལ་བ་རབ་འབྱམས་པའི་ཕྱག་འཁྱེར་གནང་སོང་། དེའི་རྗེས། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་ནས་ཀིརྟི་བྱེས་པ་གྲྭ་ཚང་ཚུགས་ནས་མི་ལོ་ཧྲིལ་བོ་ཉེར་ལྔ་འཁོར་བའི་བརྙན་དེབ་དང་། རྟགས་འཇུག་དེབ་གཉིས། སློབ་དེབ་བློ་གསལ་མགུན་རྒྱན་འཕྲུལ་དེབ་བཅས་གློག་ཀླད་ཐོག་ནས་སྒོ་འབྱེད་གནང་སོང་།

དེ་ནས། ཀིརྟི་རིན་པོ་ཆེ་མཆོག་གིས་མ་འོངས་པའི་བསྟན་འཛིན་ཀྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་འབྲེལ་བའི་གསུང་བཤད་གནང་དོན། ཀིརྟི་བྱེས་པ་གྲྭ་ཚང་གང་འདྲ་བྱས་ནས་བཙུགས་པ་དང་དཀའ་ལས་ག་ཚོད་བརྒྱབ་ཡོད་པ། དེ་བཞིན་དགེ་འདུན་པ་ཚོར་སློབ་སྦྱོང་གི་གོ་སྐབས་གང་འདྲ་བསྐྲུན་ཡོད་མེད་སོགས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་གནང་རྗེས། མཁས་པའི་བགྲོ་གླེང་ཆེན་མོ་འདི་བརྒྱུད་ནས་མ་འོངས་པའི་བསྟན་འཛིན་ཀྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་ཇི་ལྟར་ལེགས་པ་བྱེད་དགོས་པ་དང་གང་ཐུབ་བྱེད་དགོས་པའི་སྐོར་སོགས་གསུངས་སོང་། ཁོང་གིས་མུ་མཐུད་ནས་གསུང་དོན། ༸གོང་ས་མཆོག་གི་ཡང་སྲིད་སླར་ཡང་ཕེབས་དགོས་པའི་སྐོར་དང་། དེ་བཞིན་༸གོང་ས་མཆོག་གི་ཡང་སྲིད་ལ་བདག་པོ་རྒྱག་མཁན་པོ་ཡག་པོ་ཞིག་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་སོགས་གསུངས་སོང་།

དེའི་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་༸གོང་ས་མཆོག་གིས་བཀའ་དྲིན་ལ་བརྟེན་ནས་ད་ལྟར་ནང་པའི་བསྟན་པ་དར་བཞིན་རྒྱས་ཀྱི་ཡོད་པ་དང་། ཚོགས་ཆེན་འདི་བརྒྱུད་ནས་གྲྭ་བཙུན་ལ་སློབ་སྦྱོང་བྱེད་པའི་ཁོར་ཡུག་ལེགས་པོ་བསྐྲུན་ཐབས་དང་བསམ་བློའི་སློབ་སྦྱོང་ཡོང་ཐབས་བྱེད་དགོས་པའི་སྐོར་གསུངས་སོང་།

དེ་ནས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། བོད་གཞིས་བྱེས་གཉིས་ན་ཡོད་པའི་ཀིརྟི་དགོན་པས་བོད་ཀྱི་བསྟན་སྲིད་ཆེད་དུ་བློས་བཏང་ཧ་ཅང་གནང་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་ཆེད་དུ་ཡང་བློས་བཏང་གནང་ཡོད། དེ་ཚོ་ང་ཚོས་ངོ་འཛིན་བྱས་དགོས་པའི་སྐོར་དང་། གཞན། འཛམ་གླིང་ནང་དུ་ཆོས་མེད་སྨྲ་བ་མང་དུ་འགྲོ་བཞིན་ཡོད་པ་དང་། ཁོ་ཚོར་དགོས་པ་ནང་ཆོས་ཆགས་ཡོད་སྐོར། ནང་ཆོས་ནི་ཚན་རིག་དང་མཐུན་པ། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་ཡོད་པ། སེམས་ཁམས་ཐོག་ནས་འབྲེལ་བ་ཡོད་པའི་སྐོར་སོགས་ཀྱི་ཐོག་ལ་གསུངས་སོང་།

དེའི་རྗེས། ༸གོང་ས་མཆོག་གིས་དཔལ་ན་ལེནྡྲའི་ཆོས་བརྒྱུད་ནི་རིག་པས་དཔྱད་ནས་སྒྲུབ་པ་ཞིག་ཡིན་པ་དང་། ཚན་རིག་དང་མཉམ་དུ་འགྲོ་ཐུབ་ཀྱི་ཡོད་པ། སེམས་ཁམས་རིག་པ་དང་འབྲེལ་བ་ཆེན་པོ་ཞིག་ཡོད་པའི་སྐོར། དེར་བརྟེན། ནང་ཆོས་དེ་དག་ཤེས་ཡོན་སྡེ་ཚན་བཞག་ཐུབ་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར། དཔལ་ན་ལེནྡྲའི་ཆོས་བརྒྱུད་དང་ལྷག་པ་དུ་ཚད་མ་རིག་པ་སོགས་བོད་ཡིག་ནང་དུ་འགྲེལ་བཤད་ཡག་ཤོས་རྒྱག་ཐུབ་སྟབས། བོད་ཀྱི་སྐད་ཡིག་གལ་ཆེན་པོ་ཆགས་ཡོད་པའི་སྐོར་སོགས་གསུངས་སོང་།

མཐའ་མར། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་བཀའ་སློབ་གནང་དོན། སློབ་དེབ་དེ་འདྲ་དགོས་འདུག་ཟེར་མཁན་མང་ཡང་སྒྲུབ་མཁན་ཉུང་ཉུང་རེད། ཀིརྟི་རིན་པོ་ཆེ་མཆོག་གིས་སློབ་དེབ་རྩོམ་སྒྲིག་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཞུས་པ་དང་སྦྲགས། སློབ་དེབ་ནང་དུ་བརྡ་ཆད་བེད་སྤྱོད་གཏོང་སྐབས་གཞུང་གི་བརྡ་ཆད་དེ་ཚོ་བེད་སྤྱོད་གཏོང་དགོས་པ་གལ་ཆེན་པོ་རེད། རྗེས་སུ་གཞུང་ཆེན་ཁག་ལྟ་སྐབས་གོ་དོན་རྟོགས་པར་ཡག་པོ་ཡོད་རེད། ང་ཚོ་བཙན་བྱོལ་དུ་སླེབས་ནས་ལོ་ངོ་༦༠་ཕྱིན་ཡོད་རུང་། ཤེས་ཡོན་རྩ་མེད་དུ་སོང་མེད། མ་འོངས་པའང་མི་འགྲོ་བའི་ཐོག་འབད་བརྩོན་གནང་དགོས། སློབ་ཕྲུག་ཞིག་གི་སློབ་སྦྱོང་གི་ལས་རིམ་ནང་དུ་ཕ་མ་དང་དགེ་རྒན་ཧ་ཅང་གལ་ཆེན་པོ་རེད། དགེ་རྒན་གྱི་ཆ་རྐྱེན་གཙོ་བོ་ཀུན་སྤྱོད་རེད། དགེ་རྒན་ལ་ཀུན་སྤྱོད་བཟང་པོ་ལྡན་ན་སློབ་ཕྲུག་ལ་ཀུན་སྤྱོད་བཟང་པོ་སློབ་ཐུབ། སློབ་ཕྲུག་ཚོ་སློབ་ཆུང་འཛིན་རིམ་བཞི་པ་དབར་དུ་སྐད་ཡིག་གཅིག་ཁོ་ན་སློབ་དགོས་པ་གལ་ཆེན་པོ་ཡིན་པར་མཁས་དབང་མང་པོ་གསུངས་ཡོད། སྐད་ཡིག་དང་པོ་དེས་སློབ་ཕྲུག་དེར་བསམ་བློ་བག་ཆགས་ལེགས་པོ་བཞག་ཐུབ། སྤྱིར་སློབ་ཕྲུག་ཆུང་ཆུང་དེ་ཚོའི་སེམས་ཁམས་བསྟུན་དགོས་པ་གལ་ཆེན་པོ་རེད། དེའི་ཐོག་ལ་བསམ་བློ་གསར་པ་བསྐྲུན་རྒྱུ་ཡོད་པའི་སྐོར་སོགས་གསུངས་སོང་།