03
Fri, Apr

༢༠༡༩་ལོའི་ཟླ་༡༡་ཚེས་༢༧་ཉིན། བཞུགས་སྒར་རྡ་སར་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་༡༤་པ་དབུ་འཛུགས་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༡་ཚེས་༢༧་ཉིན། བཞུགས་སྒར་རྡ་ས་གངས་ཅན་སྐྱིད་གཤོངས་ཚོགས་ཁང་གསར་པའི་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག བོད་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་དང་སྐུ་ཚབ་བཅས་ཕེབས་ནས་བཙན་བྱོལ་བོད་མིའི་ཆོས་ཚོགས་ཚོགས་ཆེན་ཐེངས་༡༤་པ་དབུ་འཛུགས་གནང་སོང་།

དེ་ཡང་། བཙན་བྱོལ་བོད་མིའི་ཆོས་ཚོགས་ཚོགས་ཆེན་ཐེངས་༡༤་པ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག ༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག ༸སྐྱབས་མགོན་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེའི་སྐུ་ཚབ་༸སྐྱབས་རྗེ་མཚུར་ཕུ་རྒྱལ་ཚབ་གོ་ཤྲཱི་རིན་པོ་ཆེ་མཆོག ༸སྔ་འགྱུར་རྙིང་མའི་སྐུ་ཚབ་བླ་སྤྲུལ་ཆོས་དར་རིན་པོ་ཆེ་མཆོག ༸སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྟག་ལུང་ཞབས་དྲུང་རིན་པོ་ཆེའི་སྐུ་ཚབ༸སྐྱབས་རྗེ་སྟག་ལུང་མ་སྤྲུལ་སྐུ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག བྱེས་ཀྱི་རིས་མེད་བོད་ཀྱི་གདན་ས་ཆེ་ཁག་གི་མཁན་རིན་པོ་ཆེ་རྣམ་པས་དབུས་མཁན་པོ་རྣམ་པ། སྣེ་འཛིན་སློབ་དཔོན། སྲིད་སྐྱོང་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། འགན་འཛིན་སྐུ་ཚབ་རྣམ་པ། བཅས་ཚོགས་ཞུགས་གནང་སོང་།

ཐེངས་འདིའི་ཆོས་ཚོགས་ནང་དུ། སྔ་འགྱུར་རྙིང་མའི་བླ་སྤྲུལ་དང་སྐུ་ཚབ་གྲངས་༡༡་དང་། བཀའ་བརྒྱུད་པའི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་༡༤། ས་སྐྱའི་བླ་སྤྲུལ་དང་སྐུ་ཚབ་གྲངས་༡༣། དགེ་ལུགས་པའི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་༢༨། གཡུང་དྲུང་བོན་གྱི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་གྲངས་༦། རྒྱལ་བ་ཇོ་ནང་པའི་དགོན་པའི་བླ་སྤྲུལ་དང་སྐུ་ཚབ་གྲངས་བཞི། བོ་དོང་དང་བུ་ལུགས། ཞི་བྱེད་པ་བཅས་ཀྱི་བླ་སྤྲུལ་དང་སྐུ་ཚབ་གྲངས་གསུམ། རིས་མེད་དགོན་སྡེའི་སྐུ་ཚབ་གཅིག བཙུན་དགོན་ཁག་༡༢་ནས་སྐུ་ཚབ་གྲངས་༡༤། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བླ་སྤྲུལ་དང་སྐུ་ཚབ་གྲངས་༨། དམིགས་བསལ་ཚོགས་འཆར་བ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་མཛད་གཙོ་དང་ལས་ཟུར་གྲངས་༡༣་བཅས་ཁྱོན་བསྡོམས་བླ་སྤྲུལ་སྐུ་ཚབ་ཚོགས་མི་གྲངས་༡༡༧་ཚོགས་བཅར་གནང་འདུག

ཐོག་མར། ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་མཆོག་གིས་ཆོས་ཚོགས་དང་འབྲེལ་བའི་ཐོག་ངོ་སྤྲོད་གནང་རྗེས་གསུང་དོན། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་རྣམས་ཀྱིས་ཉིན་གསུམ་རིང་གྲོས་གཞི་ཁག་བཞི་ཡི་ཐོག བཀའ་བསྡུར་རིམ་པ་གནང་ནས་ཉིན་མཐའ་མར་གྲོས་ཆོད་གང་བཞག་ཐུབ་པ་རྣམས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་ཆེན་གྱི་ཉིན་མཐའ་མའི་ཐོག་ཆིབས་བསྒྱུར་བསྐྱང་གནང་མཛད་སྐབས་འབུལ་རྒྱུ་ཡིན་པ་སོགས་ཀྱི་ཐོག་གསུངས་སོང་།

དེའི་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཚམས་འདྲི་དང་སྦྲགས། ཁོང་གིས་བོད་ཀྱི་བླ་སྤྲུལ་ངོས་འཛིན་གལ་ཆེན་ཡིན་པའི་སྐོར་དང་། རྒྱ་གཞུང་གིས་བོད་ཀྱི་བླ་སྤྲུལ་ངོ་འཛིན་ཐོག་ཐེ་བྱུས་བྱེད་བཞིན་ཡོད་པ། དམིགས་བསལ་༸གོང་ས་མཆོག་གི་ཡང་སྲིད་ཐོག་ཐེ་བྱུས་བྱ་རྒྱུའི་འཆར་གཞི་ཡོད་པར། ཉེ་སྔོན་བོད་པའི་དམིགས་བསལ་ཚོགས་ཆེན་ཐོག་ནས་རྒྱ་གཞུང་ལ་བརྡ་ལེན་གསལ་པོ་བཏང་ཡོད་སྐོར། ཨ་རིའི་ཆོས་དད་རང་དབང་གི་སྐུ་ཚབ་རྡ་སར་ཕེབས་ནས་ཨ་རི་གཞུང་གིས་དམིགས་བསལ་ཆེན་ཐོག་བཞག་པའི་གྲོས་ཆོད་ལ་རྒྱབ་སྐྱོར་ཡོད་པའི་སྐོར། དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་བློན་ཆེན་ལས་ཁུངས་ཁག་གི་ནང་ནས་འགྲོ་སོང་ཉུང་ཤོས་གཏོང་དགོས་པ་ནི་ཆོས་རིག་ལས་ཁུངས་ཆགས་ཡོད། དེར་བརྟེན། ཆོས་སྡེ་ཁག་གི་བླ་སྤྲུལ་དང་དགེ་འདུན་པ་ཚང་མར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། ང་ཚོ་བཙན་བྱོལ་བ་ཆགས་ནས་བཟུང་། ༸གོང་ས་མཆོག་གཙོས་པའི་བོད་ཀྱི་བླ་སྤྲུལ་དང་དགེ་འདུན་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས། བོད་ཀྱི་ནང་ཆོས་འདི་སླར་གསོ་བྱེད་ཐུབ་པ་བྱུང་ཡོད་སྐོར་སོགས་གསུངས་སོང་།

དེ་ནས། ༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཆོས་ཇི་ལྟར་དར་ཚུལ་དང་། བོད་མི་ཕུན་ཚུན་དབར་ལ་མཐུན་སྒྲིལ་བྱེད་དགོས་པ། ཆོས་ལུགས་ཁག་གི་དབར་ལ་མཐུན་སྒྲིལ་དང་རྩིས་བཀུར་བྱེད་པ། ༸གོང་ས་མཆོག་གི་མཛད་འཕྲིན་སྐོར། བོད་མི་ཚང་མས་༸གོང་ས་མཆོག་གིས་ངོས་འཛིན་གནང་བའི་ཆོས་བརྒྱུད་ཁག་གང་གི་བླ་སྤྲུལ་ལ་རྩིས་བཀུར་དང་ངོས་ལེན་བྱེད་དགོས་པ་གལ་ཆེན་ཡིན་པའི་སྐོར། དགོན་པའི་ཁག་གི་ནང་དུ་དགེ་འདུན་པ་རྣམས་མུ་མཐུད་ནས་དགོན་པའི་ནང་དུ་བཞུགས་ཐབས་སྐོར་ཆོས་ཚོགས་འདི་བརྒྱུད་ནས་བཀའ་བསྡུར་གནང་དགོས་པ་དང་། དེང་སང་། དགོན་པ་ཁག་གི་ནང་དུ་སློབ་གཉེར་བྱེད་མཁན་དགེ་འདུན་ཁག་ཅིག་དགོན་པ་ནས་ཐོན་འགྲོ་བཞིན་ཡོད་པ་དང་། ཁག་ཅིག་ཕ་མ་ཚོས་ནང་ལ་ཁྲིད་ནས་ལས་ཀ་བྱེད་བཅུག་གི་ཡོད། དེར་བརྟེན་ཕ་མ་ཚོར་ཆོས་གལ་ཆེན་པོ་ཡིན་པའི་ཐོག་སློབ་གསོ་སྤྲོད་དགོས་པགལ་ཆེན་པོ་རེད། དེ་བཞིན། དགོན་སྡེ་ཁག་གི་ནང་དུ་སློབ་གཉེར་བྱེད་མཁན་རྣམས་ལ་རྒྱ་གར་གཞུང་ནས་ངོས་འཛིན་ལག་འཁྱེར་རེག་ཐབས་ཐོག་བཀའ་བསྡུར་གནང་དགོས་པའི་སྐོར་སོགས་ཀྱི་ཐོག་གསུངས་སོང་།

དེ་ནས་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་ནས་གསོལ་ཇའི་བར་གསེང་བཞག་སོང་། དེའི་རྗེས། མུ་མཐུད་ནས་ཚོགས་ཆེན་མུ་མཐུད་རྒྱུ་ཡིན་འདུག

ཆོས་ཚོགས་ཚོགས་ཆེན་གྱི་ཉིན་གསུམ་རིང་ཚོགས་ཆུང་སོ་སོར་བགོས་ནས་གྲོས་གཞི་ཁག་བཞིའི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་འདུག དེ་དག་ནི་བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོང་སྤེལ་གནང་ཕྱོགས་ཇི་དགེ་བཀའ་བསྡུར་གནང་རྒྱུ་དང་། ཆོས་ལུགས་གཞན་དང་། ནང་པའི་ཆོས་བརྒྱུད་གཞན་དང་ལྷན་དུ་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོགས་ཇི་དགེ་བཀའ་བསྡུར། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས་ལ་བསྐྱར་ཞིབ་དང་འབྲེལབ་བའི་བཀའ་བསྡུར། དགོན་སྡེ་སོ་སོའི་གྲྭ་བཙུན་རྣམས་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་ཁུར་གནང་ཕྱོགས་ཇི་དགེའི་སྐོར་བཀའ་བསྡུར། གོང་གསལ་གྲོས་གཞིར་མ་འཁོད་པའི་དོན་གནས་གཞན་ཐོག་དགོངས་འཆར་དང་བཀའ་བསྡུར་གནང་འོས་གནང་རྒྱུ་བཅས་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།