19
Fri, Apr

༢༠༡༩་ལོའི་ཟླ་༡༠་ཚེས་༢༥་ཉིན། སྲིད་སྐྱོང་མཆོག་གིས་བོད་པའི་ཚོང་ལས་པ་སྐལ་ལྡན་ཆོས་འཕེལ་དང་ཚོང་རོགས་ངག་དབང་ཚུལ་ཁྲིམས་གཉིས་ལ་ཧིན་སྒོར་བྱེ་བ་གཅིག་གི་བྱ་དགའ་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༠་ཚེས་༢༥་ཉིན། ཕྱི་འབྲེལ་ལྷག་པ་ཚེ་རིང་གི་ཚོགས་ཁང་ནང་དུ། བོད་མིའི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་པའི་རོགས་སྐྱོར་ལས་གཞི་ཁྲོད། འདེམས་ཐོན་བྱུང་བའི་བོད་པའི་ཚོང་ལས་པ་སྐལ་ལྡན་ཆོས་འཕེལ་ལགས་དང་ཚོང་རོགས་ངག་དབང་ཚུལ་ཁྲིམས་ལགས་གཉིས་ལ་ཧིན་སྒོར་བྱེ་བ་གཅིག་གི་བྱ་དགའ་ཐོབ་སོང་། དེའི་ཐོག་བོད་པའི་གསར་གཏོད་ཀྱི་འགན་འཛིན་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་བོད་པས་བོད་པར་རོགས་རམ་བྱེད་པའི་དུས་ལ་སླེབས་ཡོད། ཅེས་བརྗོད་སོང་།

དེ་ཡང་། བཞུགས་སྒར་རྡ་སའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལྷག་པ་ཚེ་རིང་གི་ཚོགས་ཁང་ནང་དུ། འདེམས་ཐོན་བྱུང་བའི་ཚོང་ལས་པར་ཧིན་སྒོར་བྱེ་བ་གཅིག་གི་བྱ་དགའ་ཐོབ་པའི་ཐོག་གསར་འགོད་གསལ་བསྒྲགས་ཤིག་ཚོགས་སོང་། དེའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་ཀྱི་དཔལ་བྱོར་བཀའ་བློན་ཀརྨ་ཡི་ཤེས་མཆོག དྲུང་ཆེ་ཡེ་ཤེས་དབང་མོ་ལགས། བོད་པའི་གསར་གཏོད་(Tibet Innovations)ཀྱི་འགན་འཛིན་དོན་གཅོད་ཟུར་པ་ཐུབ་བསྟན་བསམ་གྲུབ་ལགས། བྱ་དགའ་བཞེས་མཁན་ཚོང་ལས་པ་སྐལ་ལྡན་ཆོས་འཕེལ་དང་ཚོང་རོགས་ངག་དབང་ཚུལ་ཁྲིམས་ལགས་སོགས་ཕེབས་འདུག

དེ་ནས། བོད་པའི་གསར་གཏོད་ཀྱི་འགན་འཛིན་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་ལས་གཞི་དེ་འབྲེལ་བའི་ཐོག་ངོ་སྤྲོད་གནང་དོན། ༢༠༠༩་ལོར་༸གོང་ས་མཆོག་ཁ་ཎ་ཊར་ཕེབས་སྐབས་བཀའ་གནང་བའི་ནང་དུ། བོད་པའི་གཞིས་ཆགས་ཁག་ནང་དུ་གཞོན་སྐྱེས་ཚོར་ལས་ཀ་བསྐྲུན་པའི་ཐབས་ཤེས་བྱེད་ཐུབ་ན་ཡག་པོ་འདུག་ཅེས་བཀའ་ཕེབས་རྗེས། ང་གཞིས་ཆགས་ཁག་དེ་ཚོའི་ནང་སྐོར་བསྐྱོད་དུ་ཕྱིན་ནས་ཡར་སྙན་གསན་ཞུས་ཡིན། དེའི་རྗེས་བསམ་བློ་དང་གྲོས་བསྡུར་མང་པོ་བྱུང་བའི་རྗེས་ནས་དངུལ་བསྡུས་རུབ་བྱས་ནས་ཧིན་སྒོར་བྱེ་བ་གཅིག་འདི་བོད་པའི་གཞིས་ཆགས་ཁག་གི་ནང་དུ་གཞོན་སྐྱེས་ལ་ལས་ཀ་བསྐྲུན་ཐུབ་མཁན་ཡར་ཐོན་ཚོང་ལས་པར་ཕུལ་རྒྱུའི་ཐད་གཅོད་པ་རེད། དེ་རིང་དངོས་སུ་ཚོང་ལས་པ་སྐལ་ལྡན་ཆོས་འཕེལ་ལགས་དང་ཚོང་རོགས་ངག་དབང་ཚུལ་ཁྲིམས་ལགས་གཉིས་ཀྱི་པདྨ་རྒྱན་ཆ་(Padma Jewels) ཞེས་པའི་ཆེད་དུ་ཕུལ་བ་རེད། ད་ལྟར། ཕྱི་མིར་རྟག་པ་རོགས་དངུལ་སློང་བ་མིན་པ། བོད་པས་བོད་པར་རོགས་རམ་བྱེད་པའི་དུས་ལ་སླེབས་འདུག་ཅེས་བརྗོད་སོང་།

དེའི་རྗེས། སྲིད་སྐྱོང་མཆོག་གིས་ཐུབ་བསྟན་བསམ་གྲུབ་ལགས་ཀྱི་ངོ་སྤྲོད་དང་ཁོང་གིས་བོད་དོན་ཐོག་ལས་ཀ་མང་པོ་གནང་ཡོད་པའི་སྐོར་སོགས་གསུངས་རྗེས། ཚོང་ལས་པ་སྐལ་ལྡན་ཆོས་འཕེལ་ལགས་དང་ཚོང་རོགས་ངག་དབང་ཚུལ་ཁྲིམས་ལགས་གཉིས་ལ་ཧིན་སྒོར་བྱེ་བ་གཅིག་གི་བྱ་དགའ་གནང་སོང་།

སྤྱིར། བོད་ཀྱི་གསར་གཏོད་དང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་གཉིས་མཉམ་འབྲེལ་འོག བོད་པའི་སྤྱི་ཚོགས་ཀྱི་ནང་དུ་ཡར་ཐོན་ཚོང་ལས་པ་འདེབས་སྒྲུག་བྱེད་པ་དང་ཚོང་ལས་པ་དེས་བོད་པའི་གཞིས་ཆགས་ནང་དུ་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་བསྐྲུན་མཁན་ལ་རོགས་དངུལ་གནང་གི་ཡོད་པ་དང་། ཐེངས་འདིར། ཡར་ཐོན་ཚོང་ལས་པ་གྲངས་༤༣་ཁྲོད་ནས་ཚོང་ལས་པ་སྐལ་ལྡན་ཆོས་འཕེལ་ལགས་དང་ཚོང་རོགས་ངག་དབང་ཚུལ་ཁྲིམས་ལགས་གཉིས་ཀྱི་པདྨ་རྒྱན་ཆ་(Padma Jewels) ཞེས་པའི་ཆེད་དུ་ཧིན་སྒོར་བྱེ་བ་གཅིག་སྤྲད་སོང་།

ཚོང་པ་སྐལ་ལྡན་ཆོས་འཕེལ་ལགས་དང་ཚོང་རོགས་ངག་དབང་ཚུལ་ཁྲིམས་ལགས་གཉིས་ཀྱི་པདྨ་རྒྱན་ཆ་(Padma Jewels)་ནི་ཕྲེང་བ་དང་ལག་ཤེས་བཟོ་བཀོད། ཤེལ་གྱི་དཔེ་རིས་འདྲ་མིན་ཐོག་ཚོང་ལས་གཉེར་བཞིན་ཡོད་འདུག ཚོང་ལས་ཁང་འདིས། བོད་ཕྲུག་སློབ་གྲྭ་ནས་མཐར་མ་ཕྱིན་པ་དང་། དབང་པོ་སྐྱོན་ཅན། དྲྭ་ཕྲུག་སོགས་ལ་ལས་ཀ་སྤྲད་བཞིན་ཡོད་འདུག ད་བར་བོད་མི་༧༠་ནས་༨༠་ལ་ལས་ཀ་སྤྲད་ཡོད་པ་དང་། ད་ལྟའི་ཆར། བོད་པའི་ལས་མི་༣༠་ལྷག་ལ་ལས་ཀ་སྤྲོད་བཞིན་ཡོད་འདུག དེའི་རྗེས། ཚོང་ལས་ཁང་དེ་རྒྱལ་སྤྱིའི་ཐོག་འགྲོ་ཐུབ་པའི་འཆར་གཞི་དང་ལས་མི་མང་དུ་གཏོང་རྒྱུའི་བྱ་རྒྱུའི་འཆར་གཞི་ཡོད་འདུག

དེའི་སྔོན། ཡོངས་ཁྱབ་གསར་བསྒྲགས་སོང་བར་ལྟར། ཡར་ཐོན་ཚོང་ལས་པ་༤༣་ཙམ་ནས་སྙན་ཞུ་འབྱོར་ཡོད་པ་དང་། དེ་བཞིན་འདེམས་སྒྲུག་བརྒྱུད་རིམ་ནང་དུ་ཚོགས་ཆུང་ཁག་གསུམ་བསྐོ་གཞག་བྱས་ཡོད་ཅིང་། ཚོགས་ཆུང་དང་པོས་ཚང་སྙན་ཞིབ་འཇུག་བྱས་འདུག ཚོགས་ཆུག་གཉིས་པས་མཐའ་མའི་ཚོང་ལས་པ་བཅུ་འདེམས་སྒྲུག་བྱས་འདུག དེ་ནས་ཚོགས་ཆུང་གསུམ་པས་ཚོང་པ་སོ་སོའི་འཆར་གཞི་སྤྱན་འབུལ་པར་གཞི་བཅོལ་གྱིས་ཚོང་པ་སྐལ་ལྡན་ཆོས་འཕེལ་ལགས་དང་ཚོང་རོགས་ངག་དབང་ཚུལ་ཁྲིམས་ལགས་གཉིས་ཀྱི་པདྨ་རྒྱན་ཆ་(Padma Jewels) ཞེས་པའི་ཆེད་དུ་ཧིན་སྒོར་བྱེ་བ་གཅིག་སྤྲོད་རྒྱུའི་ཐག་གཅོད་བྱུང་ཡོད་འདུག