19
Fri, Apr

༢༠༡༩་ལོའི་ཟླ་༡༠་ཚེས་༨་ཉིན། བཞུགས་སྒར་རྡ་སའི་སྨན་རྩིས་ཁང་དུ། ཉིན་གསུམ་གྱི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཅུ་པ་འགོ་བཙུགས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༠་ཚེས་༨་ཚེས་ཉིན། བཞུགས་སྒར་རྡ་སའི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་གི་ནང་དུ། ཉིན་གསུམ་གྱི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཅུ་པ་འགོ་བཙུགས་སོང་། དེའི་སྐབས། སྲིད་སྐྱོང་མཆོག་གིས་སྨན་རྩིས་ཁང་དང་ཨ་ཡུར་ཝེ་དྷ་སོགས་མཉམ་འབྲེལ་བྱས་ནས་འཛམ་གླིང་གི་རྒན་གཞོན་དར་གསུམ་ལ་ཕན་ཐོགས་བྱེད་ཐུབ་དགོས་ཞེས་གསུངས་སོང་།

དེ་ཡང་། ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཅུ་པའི་དབུ་འབྱེད་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་གཙོ་པའི་སྨན་པ་དང་དྲུང་ཆེན་རྣམ་པ། དགེ་འདུན་པ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། སྨན་རྩིས་ཁང་གི་སློབ་ཕྲུག བགྲོ་གླེང་ཐོག་གསུང་བཤད་གནང་མཁན་མཁས་དབང་དགུ་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་ཅིག་འཛོམས་འདུག

བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་གྱིས། ཕྱི་ལོ་ ༢༠༡༣ ནས་གནའ་དེང་གི་རིག་གཞུང་འདྲ་མིན་བར་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་བསྐོང་ཚོགས་བྱེད་མུས་ཡིན་པ་དང་། ཐེངས་འདིའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཅུ་པའི་བརྗོད་གཞི་ནི། རྒས་པའི་སེམས་ཁམས་གསོ་སྐྱོང་ཞེས་པ་ཡིན་ཅིང་། དེའི་ཐོག ནང་བསྟན་སེམས་ཁམས་རིག་པ་དང་། བོད་ལུགས་གསོ་བ་རིག་པ། ཨ་ཡུར་ཝེ་དྷ། ཡུ་ན་ཎི། སིདྡྷ། ཧོ་མི་ཨོ་པེ་ཐི། ཡོ་ག ནུབ་ཕྱོགས་ཚན་རིག བོད་རྩིས་རིག་པ་བཅས་རིག་གཞུང་སྡེ་ཁག་དགུ་ཡི་མཁས་དབང་གདན་ཞུས་ཀྱིས་ཉིན་གསུམ་གྱི་བགྲོ་གླེང་གནང་རྒྱུ་ཡིན་འདུག

མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཚང་མར་འཚམས་འདྲི་ཞུས་པ་དང་སྦྲགས། བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་ཕྱི་༢༠༡༣་ལོར་འགོ་བཙུགས་ནས་རྒྱུན་གནས་ཐུབ་ཡོད་པ་མ་ཟད། ད་དུང་། ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཅུ་པ་འཚོགས་བཞིན་ཡོད་པ་རེད། འདི་ནི་སྨན་རྩིས་ཁང་གི་བྱས་རྗེས་དང་། ལུས་སེམས་སྲོག་གི་སྡེ་ཚན་གྱི་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་དང་རྟེན་འབྲེལ་ཞུས་སོང་།

དེ་ནས། ཁོང་གིས་བོད་ཀྱི་སྨན་རྩིས་ཁང་དང་ཐོག ཕྱི་ལོ་༡༩༦༠་ལོའི་ནང་དུ་འགོ་བཙུགས་གནང་སྐབས། སྨན་པ་ཁ་ཤས་ལས་མེད་ཀྱང་། ༸གོང་ས་མཆོག་གི་ལམ་སྟོན་དང་བཀའ་དྲིན། སྨན་པ་དང་ལས་བྱེད་པ་ཚོས་དཀའ་ལས་བརྒྱབ་པར་བརྟེན། ད་ལྟར་སྨན་རྩིས་ཁང་ཡར་རྒྱས་ཧ་ཅང་ཕྱིན་ཡོད། དེ་བཞིན། ༸གོང་ས་མཆོག་གི་བཀའ་དྲིན་དང་ལམ་སྟོན་འོག འབྲེལ་ཡོད་ཚང་མས་དཀའ་ལས་བརྒྱབ་པ་བརྟེན། བོད་ཀྱི་ཆོས་དང་རིག་གཞུང་། གསོ་བ་རིག་པ་སོགས་བཙན་བྱོལ་དུ་མུ་མཐུད་ནས་གནས་ཐུབ་ཡོད་ཅེས་བརྗོད་སོང་།

དེའི་རྗེས། ལུས་སེམས་སྲོག་གི་བགྲོ་གླེང་དང་འབྲེལ་བའི་ཐོག་སྲིད་སྐྱོང་མཆོག་གིསས་གསུང་དོན། ཚོགས་འདུ་འདིའི་བརྗོད་གཞི་ནི་རྒས་པའི་སེམས་ཁམས་གསོ་སྐྱོང་ཞེས་པ་རེད་འདུག མི་ལོ་རྒས་འགྲོ་དུས་ལུས་ལ་ན་ཚ་མང་དུ་ཡོང་གི་ཡོད། དེར་བརྟེན། དེའི་ཐོག་སྨན་རྩིས་ཁང་ལ་དཀའ་ངལ་ཞིག་ཆགས་ཀྱི་ཡོད། འོན་ཀྱང་། དེང་སང་ལོ་སུམ་ཅུ་འོག་གི་གཞོན་སྐྱེས་ཚོར་ལུས་སེམས་ཀྱི་དཀའ་ངལ་མང་པོ་ཡོང་གི་ཡོད། དེ་ནི་ཁོ་ཚོས་ཕ་མ་ལས་ཁ་པར་དགའ་བ་བྱེད་པ་དང་། དུས་ཚོད་མང་ཆེ་བ་སྤྱི་ཚོགས་དྲ་རྒྱ་ཐོག་ཏུ་གཏོང་གི་ཡོད། དེ་མ་ཟད། གཅིག་པོ་སྡོད་རྒྱུར་དགའ་པོ་བྱེད་ཀྱི་ཡོད། དེ་འདྲ་བྱས་ནས་ལུས་སེམས་གཉིས་ཀར་དཀའ་ངལ་ཡོང་གི་ཡོད། དེར་བརྟེན། ཚོགས་འདུ་འདི་འདྲ་གལ་ཆེན་པོ་རེད། ཚོགས་འདུ་འདིའི་ཐོག ནང་བསྟན་སེམས་ཁམས་རིག་པ་དང་། བོད་ལུགས་གསོ་བ་རིག་པ། ཨ་ཡུར་ཝེ་དྷ། ཡུ་ན་ཎི། སིདྡྷ། ཧོ་མི་ཨོ་པེ་ཐི། ཡོ་ག ནུབ་ཕྱོགས་ཚན་རིག བོད་རྩིས་རིག་པ་བཅས་རིག་གཞུང་སྡེ་ཁག་དགུ་ཡི་མཁས་དབང་གདན་ཞུས་ཀྱིས་ཉིན་གསུམ་གྱི་བགྲོ་གླེང་གནང་ནས་དཀའ་ངལ་དེ་ཚོ་སེལ་ཐབས་ཡོང་བའི་རེ་བ་ཞུ་ཡི་ཡོད་ཅེས་གསུངས་སོང་།

དེ་ནས་ཁོང་གིས་མུ་མཐུད་ནས། དུས་རབས་ཉེར་གཅིག་གི་ནང་དུ། ཤར་ཕྱོགས་ཀྱི་ནང་ཆོས་དང་གསོ་བ་རིག་པ་འཛམ་གླིང་གི་གང་སར་དར་བའི་ཡིད་ཆེས་བྱེད་ཀྱི་ཡོད། འདི་གཉིས་ཀྱིས་ལུས་སེམས་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་ཡོད། ཕྱི་རྒྱལ་ཁབ་དང་བསྡུར་ན། བོད་པའི་སྤྱི་ཚོགས་ཀྱི་ནང་དུ་སེམས་ལ་དཀའ་ངལ་ཡོད་མཁན་ཉུང་ཉུང་རེད། དེ་ནི་ནང་ཆོས་ཀྱི་བཀའ་དྲིན་རེད།

ད་ལྟར། སྨན་རྩིས་ཁང་དང་སྨན་ཁང་གཞན་པ་མཉམ་ལས་བྱེད་པའི་དུས་ལ་སླེབས་འདུག སྨན་རྩིས་ཁང་དང་ཨ་ཡུར་ཝེ་དྷ་སོགས་མཉམ་འབྲེལ་བྱས་ནས་འཛམ་གླིང་ནང་གི་རྒན་གཞོན་དར་གསུམ་ལ་ཕན་ཐོགས་བྱེད་ཐུབ་དགོས། དེ་ནི་སྨན་ཁང་དང་སྨན་གྱི་དམིགས་ཡུལ་གཙོ་བོ་རེད། ཅེས་གསུངས་སོང་།