19
Fri, Apr

༢༠༡༩་ལོའི་ཟླ་༩་ཚེས་༡༨ ཉིན། འཇར་མན་གྲོས་ཚོགས་འཐུས་མི་རྣམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུ་སྐབས། སྐུ་པར། རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༩་ཚེས་༡༩་ཉིན་སྤེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲལ་གནང་སྐབས། འཇར་མན་གྲོས་ཚོགས་འཐུས་མི་ཧྥི་རན་ཧེན་རི་ཆི( Frank Heinrich) ལགས་ཀྱིས་ཐེངས་འདི་རྡ་སར་ཡོང་དགོས་པའི་དགོས་དོན་ནི། བོད་མིའི་ཕྱོགས་ནས་དགོས་འདུན་གང་ཡོད་ཉན་འདོད་ཆེད་བཅར་བ་ནི་ཡིན་ཞེས་ཞུས་འདུག

དེ་ཡང་། ཉེ་ཆར་བཞུགས་སྒར་རྡ་སར་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་འཐུས་མི་དྲུག་ཕེབས་ཡོད་པ་དང་། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་གཙོ་པའི་གནད་ཡོད་མི་སྣ་ཁག་ཅིག་དང་འཇལ་འཕྲད་གནང་འདུག ཟླ་འདིའི་ཚེས་༡༧་ཉིན། འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་འཐུས་མི་རྣམས་རྡ་སར་འབྱོར་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་ཕྱི་དྲིལ་སྣེ་ཤན་པ་མཁའ་འགྲོ་སྒྲོལ་མ་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོ་པའི་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ལ་ཐུག་འཕྲད་གནང་ཡོད་འདུག

བཀའ་ཤག་ཚོགས་ཁང་དུ་མཇལ་འཕྲད་སྐབས། འཇར་མན་གྲོས་ཚོགས་འཐུས་མི་རྣམས་ལ་སྲིད་སྐྱོང་མཆོག་གིས་ ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཆོས་དད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་ཐེ་བྱུས་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་གསུངས་འདུག དེ་བཞིན། སྲིད་སྐྱོང་མཆོག་གིས་འཇར་མན་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཐུགས་ཁུར་དང་གླེང་སློང་ཤུགས་ཆེ་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

དེ་ནས། ཟླ་འདིའི་ཚེས་༡༨ ཉིན། འཇར་མན་གྲོས་ཚོགས་འཐུས་མི་རྣམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་ཡོད་པ་དང་། དེའི་སྐབས། ༸གོང་ས་མཆོག་གིས། དེང་སྐབས་རྒྱ་ནག་ནི་ནང་པ་མི་འབོར་མང་ཤོག་ཡིན་པའི་རྒྱལ་ཁབ་ཞིག་ཡིན། རྒྱ་མི་ནང་པ་ས་ཡ་གསུམ་བརྒྱ་ཙམ་ཞིག་ཡོད། དེ་ནི་བཟང་ཕྱོགས་སུ་འགྱུར་བ་འགྲོ་བཞིན་ཡོད། དེར་བརྟེན། ཕྱོགས་མཚུངས་། འཇར་མན་ལྟ་བུས་བོད་ཀྱི་གནད་དོན་དང་། རིག་གཞུང་། ཁོར་ཡུག་བཅས་ཀྱི་ཐོག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་ཐུབ་ན། དེ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་རེད་ཅེས་གསུངས་འདུག དེ་བཞིན། ༸གོང་ས་མཆོག་གིས་རྒྱ་གཞུང་འགོ་ཁྲིད་ཚོས་བོད་ཐོག་འཛིན་པའི་སྲིད་བྱུས་ནོར་འཁྲུག་ཤོར་ཡོད་པར་རྟོགས་དགོས་པ་དང་། ད་ལྟར། དངོས་ཡོད་གནས་སྟངས་དང་འཚམས་པའི་སྲིད་བྱུས་ཤིག་འཛིན་དགོས་པ་འདུག ཅེས་རྒྱ་ནག་དཔོན་རིགས་ཁྲོད་བསམ་ཚུལ་དེ་འདྲ་འདུག ཅེས་བཀའ་སློབ་སྩལ་འདུག

དེའི་རྗེས། འཇའ་མན་གྲོས་ཚོགས་འཐུས་མི་ཧྥི་རན་ཧེན་རི་ཆི( Frank Heinrich) མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེངས་འདི་རྡ་སར་ཡོང་དགོས་པའི་དགོས་དོན་སྐོར་ཞུ་དོན། ང་ཚོའི་སྐུ་ཉིད་ཀྱི་བཀའ་སློབ་ཐོས་སྐབས་ང་ཚོ་འདིར་ཡོང་བའི་དགོས་དོན་ཚང་བ་ལྟ་བུའི་ཚོར་བ་བྱུང་། ང་ཚོ་འདིར་ བོད་མིའི་ཕྱོགས་ནས་དགོས་འདུན་གང་ཡོད་ཉན་འདོད་ཆེད་བཅར་བ་ནི་ཡིན་ཞེས་ཞུས་འདུག