25
Thu, Apr

༢༠༡༩ལོའི་ཟླ་༩་ཚེས་༡༠་ཉིན། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་བྱས་ཏེ། མི་ལོ་ཧྲིལ་བོ་༣༥་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༩་ཚེས་༡༠་ཉིན། བཞུགས་སྒར་རྡ་སའི་ལྷ་རྒྱལ་རིའི་མདུན་ཐང་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་བྱས་ཏེ། མི་ལོ་ཧྲིལ་བོ་༣༥་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་སོང་བ་དང་། དེའི་ཐོག་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིས་གཞོན་སྐྱེས་ཀྱི་ཤེས་ཡོན་དང་ནུས་སྟོབས་གོང་དུ་སྤེལ་བར་སླར་ཡང་ཁས་ལེན་དམ་བཅའ་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༨་པ་ཙམ་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཙུན་མ་ལས་འཆར་གྱི་འགན་འཛིན་སྣང་ས་ཆོས་སྒྲོན་ལགས་དང་། དམིགས་བསལ་སྐུ་མགྲོན་རྡ་སའི་ས་གནས་འགན་འཛིན་ཀུན་དགའ་ཚེ་རིང་ལགས། སྤྱི་འཐུས་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི། གྲྭ་བཙུན། མི་མང་བཅས་ཁྱོན་མི་༡༠༠་ཡས་མས་ཤིག་འཛོམས་པའི་ཐོག ཞལ་འདོན་རིམ་པ་སྐྱོར་གནང་བ་དང་། དེ་ནས་བོད་པའི་ཆེད་དུ་རང་སྲོག་བློས་བཏང་བྱེད་མཁན་རྣམས་ལ་མྱ་ངན་གུས་འདུན་ཞུས་ནས། བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལངས་གླུ་བཅས་བཏང་གནང་སོང་།

དེའི་རྗེས། དབུས་བུད་མེད་ཀྱི་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་བྱས་ཏེ། མི་ལོ་ཧྲིལ་བོ་༣༥་འཁོར་བའི་དུས་དྲན་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བྱས་རྗེས་དང་གྲུབ་འབྲས་སྐོར་ནས་བརྗོད་དོན། བོད་ཀྱི་བུད་མེད་ལྷན་ཚོགས་ནས་བོད་པའི་གཞོན་སྐྱེས་རྒྱུད་བོད་མིའི་ངོ་བོ་དང་། རིག་གཞུང་། སྐད་ཡིག ཆོས་ལུགས་བཅས་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུའི་འབད་རྩོལ་གང་ཡོད་ཞུས་བཞིན་ཡོད། ང་ཚོས་བོད་མདོ་དབུས་ཁམས་གསུམ་གྱི་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པར་ཡིད་ཆེས་དང་། ༸གོང་ས་མཆོག་གི་དབུ་ཁྲིད་འོག་སྤྱི་ཚོགས་ནང་མཐུན་སྒྲིལ་སྲ་བརྟན་བཟོ་རྒྱུ་དང་། ཞི་བདེ་ལྷིང་འཇགས་ཀྱི་ཁོར་ཡུག་བསྐྲུན་རྒྱུར་མུ་མཐུད་ནས་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།

ཁོ་མོས་མུ་མཐུད་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བྱས་རྗེས་དང་གྲུབ་འབྲས་ཐོག་བརྗོད་དོན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ད་བར་སྤུས་ཚད་དང་ལྡན་པའི་འགོ་འཛིན་གསོ་སྐྱོང་ཡོང་ཆེད་ཤེས་ཡོན་དང་ནུས་སྟོབས་གོང་འཕེལ་ཀྱི་ཟབ་སྦྱོང་མང་པོ་སྤེལ་ཡོད་པ་དང་། མཐོ་སློབ་འགྲིམས་མཁན་དང་ལས་སྣེ་འདྲ་མིན་དུ་ལས་ཀ་བྱེད་བཞིན་པའི་ཤེས་ལྡན་བུད་མེད་༤༠༠་ལྷག་ལ་ཟབ་སྦྱོང་དང་སྦྱར་བརྡར་སྤྲད་ཡོད། དེ་བཞིན་བོད་པའི་བཙུན་མ་གྲངས་༣༥༠་ལྷག་ཙམ་ལ་ནུས་སྟོབས་གོང་འཕེལ་དང་འགན་ཁུར་སྣེ་ཁྲིད་ཀྱི་ཟབ་སྦྱོང་ཡང་སྤྲད་ཡོད། བོད་པའི་སྤྱི་ཚོགས་ནང་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པ་དང་ཤེས་ཡོན་གྱི་གོ་སྐབས་མ་ཐོབ་པའི་བུད་མེད་རྣམས་ལ་ཟླ་༨་རིང་འཚེམ་པོའི་ལག་ཤེས་ཀྱི་སྦྱོང་བརྡར་ཕུལ་ནས། ༡༩༩༥་ནས་ད་བར་བུད་མེད་༡༤༥་ཙམ་ལ་འཚེམ་པོའི་སྦྱོར་བརྡར་སྤྲད་དེ་རང་ཁ་རང་གསོ་བྱུང་ཡོད། ད་དུང་ས་གནས་བུད་མེད་ལྷན་ཚོགས་བརྒྱུད་ས་གནས་ཁག་ལ་ཁྱིམ་ཚང་ཉམ་ཐག་པ་༦༠་ཙམ་ལ་ཟླ་རེ་རེའི་འཚོ་སྣོན་ངེས་ཅན་ཞིག་འབུལ་བཞིན་ཡོད། དེ་མ་ཟད། བོད་མིའི་མི་འབོར་མང་དུ་འགྲོ་བའི་སེམས་ཤུགས་སྤེལ་ཆེད་དུ། ཁྱིམ་ཚང་གཅིག་གི་ནང་དུ་ཕྲུག་གུ་གསུམ་ལས་མང་བར་ཡོད་ན། ཕྲུག་གུ་གྲངས་༥་ནས་༧་བར་ལ་ལོ་རེར་ཧིན་སྒོར་༡༥༠༠༠་སྤྲོད་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

ཁོ་མོས་སླར་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་ནས་ལོ་ངོ་༣༥་འཁོར་བའི་ཐོག བུད་མེད་ལྷན་ཚོགས་ཀྱིས་གཞོན་སྐྱེས་ཀྱི་ཤེས་ཡོན་དང་ནུས་སྟོབས་གོང་དུ་སྤེལ་བར་སླར་ཡང་ཁས་ལེན་དམ་བཅའ་ཞུ་རྒྱུ་དང་། སྤྱིར་བོད་པའི་སྤྱི་ཚོགས་དང་ཡང་སྒོས་སུ་བུད་མེད་རྣམས་ལ་ཕོ་མོ་ཁྱད་མེད་དང་ཁྱིམ་ཚང་ནང་གི་གནོད་འཚེ་མི་ཡོང་བའི་བདེ་འཇགས་དང་ཞི་བདེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་གྲོས་འཆར་འབུལ་བ་ཡིན་ཞེས་བརྗོད་སོང་།

དེའི་རྗེས། དམིགས་བསལ་སྐུ་མགྲོན་ཀུན་དགའ་ཚེ་རིང་ལགས་ཀྱིས་མཛད་སྒོའི་ཐོག་འཚམས་འདྲི་ཞུས་པ་དང་སྦྲགས། བོད་ཀྱི་བུད་མེད་ལྷན་ཚོགས་ལྟ་བུའི་གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད། གང་ཡིན་ཟེར་ན། གཞུང་གིས་བྱེད་མི་ཐུབ་པ་དེ་འདྲ་ཚོགས་པ་འདི་ཚོས་བྱེད་ཀྱི་ཡོད། དུས་རབས་ཉི་ཤུ་ནི་ཟང་ཟིང་གི་དུས་རབས་ཤིག་ཡིན། དམག་ཆེན་དང་པོ་དང་གཉིས་པའི་འགོ་རྩོམ་མཁན་ནི་སྐྱེས་པ་རྐྱང་ཡིན། དེར་བརྟེན། དུས་རབས་ཉེར་གཅིག་གི་ནང་དུ་བུད་མེད་ཚོས་འགན་མང་པ་དང་ལས་ཀ་མང་བར་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་གཙོ་པའི་ཚོགས་པ་ཁག་གིས་༸གོང་ས་མཆོག་གི་ཐུགས་ཀྱི་དམ་བཅའ་གསུམ་གྱི་ཐོག་གོ་རྟོགས་དང་ལུས་འགུལ་སྤེལ་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པར་མཐོང་གི་འདུག་ཅེས་དང་། དེ་རིང་ཉིན་མོ་འདི་དང་བསྟུན། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་པའི་བུད་མེད་རྣམས་ལ་སྔར་ལས་ལྷག་པའི་ཕྱག་ལས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།

དེ་ནས། སྐུ་མགྲོན་གཙོ་བོ་སྣང་ས་ཆོས་སྒྲོན་ལགས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་གལ་ཆེན་ཡིན་པ་དང་དེ་ཉིན་རེའི་འཚོ་བའི་ཁྲོད་ལག་ལེན་བསྟར་དགོས་སྐོར་ཐོག་བརྗོད་དོན། ཁྱིམ་ཚང་རེ་རེའི་ནང་དུ་ཕ་མ་ཚོས་བོད་སྐད་ཤོད་དགོས་པ་དང་། བོད་ཡིག་ཐོག་དོ་སྣང་བྱེད་དགོས། དེ་ལྟར་བྱས་ན་བོད་སྤྱི་པའི་ཐོག་ལ་ཕན་ཐོགས་ཡོང་གི་རེད། དེ་བཞིན་བོད་པའི་སྤྱི་ཚོགས་ནང་དུ་འགྱུར་བ་ཤུགས་ཆེན་སོང་ཡོད་པ་དང་། ཆབ་སྲིད་ཐོག་ལའང་གོ་རྟོགས་གཏིང་ཟབ་འབྱུང་གི་ཡོད། དེར་བརྟེན། འོས་བསྡུའི་སྐབས་སུའང་། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་རྣམས་ལ་ཞིབ་འཇུག་ཡག་པོ་བྱེད་དགོས་པ་གལ་ཆེན་པོ་རེད། འོས་བསྡུའི་ནང་དུ་མི་མང་གིས་དོ་སྣང་དང་འགན་ཁུར་དགོས་པའི་སྐོར་སོགས་བརྗོད་སོང་།

མཐའ་མར། བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ནང་དུ་ཚོགས་མི་གསར་བ་བསྡུ་བཞིན་ཡོད་པ་དང་། མཐོ་སློབ་བུ་མོ་ཚོ་དང་ཤེས་ལྡན་པའི་བུད་མེད་རྣམས་བོད་ཀྱི་བུད་མེད་ལྷན་ཚོགས་ནང་འཛུལ་ཞུགས་བྱེད་དགོས་པར་གལ་ཆེན་པོ་རེད། བོད་ཀྱི་བུད་མེད་ལྷན་ཚོགས་བརྒྱུད་ནས་བུད་མེད་དེ་ལ་འགོ་ཁྲིད་སྦྱོང་བརྡར་དང་སྤྱི་ཚོགས་ཀྱི་ནང་དུ་འགྲོ་བར་ཉམས་མྱོང་ཟགས་ཀྱི་ཡོད། དེར་བརྟེན། རང་ཉིད་དང་སྤྱི་ཚོགས་ལ་ཕན་ཐོགས་མཁན་ཞིག་ཆགས་ཀྱི་རེད་ཅེས་བརྗོད་སོང་།