15
Tue, Oct

༢༠༡༩ལོའི་ཟླ་༩་ཚེས་༤་ཉིན། བཞུགས་སྒར་རྡ་སར་༸གོང་ས་མཆོག་གིས་ཨེ་ཤ་ཡའི་ནང་པའི་ཆོས་ཞུ་བ་ཡོངས་ལ་བཀའ་ཆོས་སྩོལ་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༩་ཚེས་༤་ཉིན། བཞུགས་སྒར་རྡ་སའི་ཐེག་ཆེན་གཙུག་ལག་ཁང་དུ། ༸གོང་ས་མཆོག་གིས་ཨེ་ཤེ་ཡའི་ནང་པའི་རྒྱལ་ཁབ་ཁག་གིས་དད་ལྡན་པ་ཚོས་ཇི་ལྟར་གསོལ་བ་བཏབས་པ་བཞིན། བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་ཉིན་གསུམ་རིང་གི་གསུང་ཆོས་དབུ་འཛུགས་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པའི་ཆུ་ཚོད་༩་པའི་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐའེ་ལན་ཌི། ཝི་དི་ནམ་སོགས་ཨེ་ཤ་ཡའི་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་དང་། བོད་པའི་སེར་སྐྱ་མི་མང་། ཕྱི་རྒྱལ་བ་བཅས་མི་མང་སྟོང་ཕྲག་ཁ་ཤས་ཚང་འཛོམས་ཐོག་གསུང་ཆོས་དབུ་འཛུགས་གནང་བའི་ཐོག་མར། ༸གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བར་རྣམས་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ང་ཚོ་ནི་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་རེད། འཛམ་གླིང་འདིའི་ཐོག་ཆོས་ལུགས་འདྲ་མིན་དང་ལྟ་གྲུབ་འདྲ་མིན་ཡོད་རེད། འོན་ཀྱང་། ཆོས་ལུགས་ཚང་མས་བསླབ་བྱ་གཙོ་བོ་ནི་བྱམས་པ་དང་། བརྩེ་བ། ཆོག་ཤེས། རང་ཁྲིམས་རང་སྲུང་བཅས་ཆོས་ལུགས་ཚང་མས་བཤད་ཀྱི་ཡོད། མི་སྐྱེས་པ་ནས་བཟུང་། བརྩེ་བ་ནི་ཧ་ཅང་གལ་ཆེན་རེད། མིའི་འཚོ་བའི་རྩ་བ་ནི་བྱམས་བརྩེ་ལ་ཐུག་བསྡད་ཡོད། ཆོས་ལུགས་ཚང་མས་བྱམས་བརྩེ་གོང་འཕེལ་གཏོང་གི་ཡོད་པ་གཅིག་པ་ཡིན། དཔེར་ན། སྨན་མི་འདྲ་བ་རྣམས་ན་ཚ་མི་འདྲ་བར་ཕན་པ་བཞིན། ཆོས་ལུགས་མི་འདྲ་བས་མིའི་སེམས་ཁམས་མི་འདྲ་བར་ཕན་གྱི་ཡོད། ཅེས་ཆོས་ལུགས་ཀུན་གྱི་བསླབ་བྱའི་སྙིང་པོ་བྱམས་བརྩེ་ཡིན་སྐོར་གསུངས་སོང་།

དེ་ནས། མགོན་པོ་གང་ཉིད་ཀྱིས་བྱམས་པ་དང་སྙིང་རྗེ་སོགས་དགེ་བའི་བློ་སྒོམ་པར་བརྟེན་ནས་ཀླད་པར་འགྱུར་བ་གཏོང་ཐུབ་ཀྱི་ཡོད་པའི་སྐོར་དང་། ད་ལྟར་འཛམ་གླིང་ནང་དུ་ཕྱིའི་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད་པ་བཞིན། ནང་གི་སེམས་པ་ཡང་ཡར་རྒྱས་འགྲོ་དགོས་ཡོད་རེད། དེར་བརྟེན། མིའི་སེམས་ཡར་རྒྱས་ཡོང་ཆེད་ཆོས་དང་སྒོམ་ལ་ཉམས་ལེན་བྱེད་དགོས། དེང་སང་ཀླད་པའི་ཚན་རིག་ཡར་རྒྱས་འགྲོ་བཞིན་ཡོད། སྤྱིར་སེམས་ཁམས་རིག་པ་དེ་ནུབ་ཕྱོགས་ནས་དར་ཡོད་རུང་། ཨེ་ཤེ་ཡའི་ནང་། སེམས་ཁམས་རིག་པའི་ཐོག་དོ་སྣང་དང་ཡར་རྒྱས་ཕྱིན་མཁན་ནི་རྒྱ་གར་ཐོག་མ་ཆགས་ཡོད། ཅེས་གསུངས།

དེའི་རྗེས། ཁོང་གིས་ཨེ་ཤེ་ཡའི་ནང་དུ་ནང་ཆོས་དར་ཚུལ་གྱི་སྐོར་ནས་གསུང་དོན། ནང་ཆོས་དང་ཐོག་རྒྱ་གར་ནས་བྱུང་ཡོད་པ་དང་། དེ་ནས་སིངྒ་པུར། རྒྱ་ནག ཀོ་རི་ཡ། ཐའེ་ལན་ཌི། ཝི་དི་ནམ། བོད་སོགས་དར་ཡོད་པ་དང་། བོད་ནས་སོག་པོ་ལ་དར་པའི་སྐོར་གསུངས་ཏེ། ཚུལ་དང་མཐུན་པའི་ནང་པ་ཞིག་བྱེད་དགོས་པའི་རེ་སྐུལ་ཞུས་སོང་།

དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་རིམ་པ་དང་པོ་བདེན་བཞི་ཆོས་འཁོར་སྐོར་ཡོད་པ་དང་། བདེན་བཞི་ནི་སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། ལམ་བདེན་པ། འགོག་པའི་བདེན་པ་བཅས་ཡིན་པ་དང་། སྡུག་བསྔལ་གྱི་རྩ་བ་ནི་ཉོན་མོངས་དང་བདག་འཛིན་གྱི་བློ་ཡིན་སྐོར་དང་། སྣང་ཚུལ་དང་གནས་ཚུལ་གཉིས་མ་མཐུན་པར་བརྟེན་ནས་དཀའ་ངལ་འབྱུང་གི་ཡོད་པ། དེང་གི་ཚད་རྡུལ་དངོས་ཁམས་རིག་པའི་གཏན་བྲལ་གྱི་རྣམ་གཞག་དང་ནང་པའི་ཆོས་ཐམས་ཅད་རང་ངོས་ནས་གྲུབ་མེད་ཅེས་པའི་ལྟ་བ་གཉིས་མཐུན་ཚུལ་གྱི་སྐོར་སོགས་ཞིབ་མོར་གསུངས་སོང་།

དེ་བཞིན་སེམས་བཟང་པོའི་ཕན་ཡོན་གྱི་སྐོར་ནས། མི་ཚང་མར་སེམས་བཟང་པོ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། སེམས་པ་བཟང་པོ་ཡོད་ན་རང་ཉིད་དང་སྤྱི་ཚོགས་སོགས་ལ་ཕན་ཐོགས་ཆེན་པོ་ཡོད། ཚན་རིག་པས་ཀྱང་སེམས་བཟང་པོ་དང་ལྷོད་པོ་ཡོད་ན་ལུས་པོའི་ནང་གི་ནད་འགོག་མ་ལག་ལ་ཕན་གྱི་ཡོད་པ་དང་། ཁོང་ཁྲོ་དང་ཆགས་སྡང་སོགས་སྐྱེས་ན་ལུས་པོའི་ནང་གི་ནད་འགོག་མ་ལག་ཉམས་ཀྱི་་ཡོད་པར་བརྗོད་འདུག་ཅེས་ཚང་མས་སེམས་བཟང་པོ་དང་སེམས་ལྷོད་པོར་གནས་རྒྱུ་གལ་ཆེ་ཚུལ་གྱི་སྐོར་གསུངས་སོང་།

དེའི་རྗེས། ༸གོང་ས་མཆོག་གིས་ཁོང་གི་ཐུགས་ཀྱི་དམ་བཅའ་གསུམ་ཐོག་ལ་མདོ་བསྡུར་ཞིག་གསུང་དོན། དང་པོ། ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་སུ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཡིན་པར་བཞེད། གཉིས་པ། ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང༌། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན། གསུམ་པ། ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱི་ཡོད། བོད་ཀྱི་སྐད་ཡིག་དང་། ནང་ཆོས། རིག་གཞུང་། བཅས་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ནང་ཆོས་ཆ་ཚང་འགྲེལ་བཤད་རྒྱག་ཐུབ་མཁན་ནི་བོད་ཡིག་ནང་ཡོད་པའི་ནང་ཆོས་ཆགས་ཡོད། དེར་བརྟེན། བོད་པའི་ནང་ཆོས་ནི་ཨེ་ཤ་ཡ་ཙམ་དུ་མ་ཟད། འཛམ་གླིང་གི་སྤྱི་ནོར་ལྟ་བུ་ཆགས་ཡོད། དེ་ཚང་མས་སློབ་སྦྱོང་དང་སྲུང་སྐྱོང་བྱེད་དགོས་པར་གལ་ཆེན་ཡིན། དེས་འཛམ་གླིང་ཡོངས་ལ་ཕན་པ་སྒྲུབ་ཐུབ་ཅེས་གསུངས་སོང་།

དེ་ནས་ཁོང་གིས། དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་དང་། དུས་རབས་ཉེར་གཅིག་གི་ནང་པས་སློབ་སྦྱོང་ལེགས་པོ་བྱེད་དགོས་ལ། ཞི་ཞིང་དུལ་བ་ཞིག་ཀྱང་བྱེད་དགོས། གཙོ་བོ་རང་ཉིད་ནས་ནང་ཆོས་ལ་སྦྱོང་པ་དང་འབད་བརྩོན་བྱེད་དགོས་ཞེས་དང་། དེ་ནས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། ཅེས་རང་ངོས་ནས་ཆོས་ཉམས་ལེན་དང་སློབ་གཉེར་བྱེད་དགོས་གལ་གསུངས་སོང་།

ཐེངས་འདིའི་གསུང་ཆོས་རྒྱ་སྐད་དང་། ཧིན་རྡིའི་སྐད། ཝི་ཏི་ནམ་གྱི་སྐད། ཉི་ཧོང་སྐད། ཀོ་རུ་ཡའི་སྐད། སི་པཱན་ནི་ཤཱི་སྐད། འཇར་མན་སྐད། ཨི་ཊ་ལིའི་སྐད། ར་ཤཱི་ཡའི་སྐད་བཅས་སུ་གསུང་བསྒྱུར་ཞུ་བཞིན་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།